སྤྱི་འཐུས།

བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ།

དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད།

བཅའ་ཁྲིམས་དོན་ཚན་ ༣༧ པའི་དགོངས་དོན་བོད་མི་མང་སྤྱི་འཐུས་རྣམས་ཀྱི་ཡོང་ཁུངས་དང༌། རྩ་འབོར་གྱི་གྲངས་ཚད།

༡ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས།

༢ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།

༣ བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

༤ ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

༥ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་ ༤༥ ངེས་པ་ཡིན། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་མི་ཆོག

 

དོན་ཚན་སོ་བརྒྱད་པ། བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད།

བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད་དམ་བཅའ་ཕུལ་ཉིན་ནས་བཟུང་ལོ་ལྔ་རེ་ཡིན།

 

དོན་ཚན་སོ་དགུ་པ། བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས།

བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ།

༡ བོད་ཀྱི་ཡུལ་མི་ཡིན་པ།

༢ རང་ལོ་ ༢༥ ཧྲིལ་པོ་ལོན་པ།

༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅེས་པ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང༌། གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་གཏན་འཇགས་ལས་བྱེད་དང་། ཆོད་གན། དམིགས་བསལ་ལས་བྱེད་བཅས་ལ་གོ་དགོས་ཤིང༌། ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན།

༧ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༩ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང༌། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ།

 

དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལ་མ་འོས་པའི་གནད་དོན་ཐག་གཅོད།

སྐྱེ་བོ་གང་ཞིག་གོང་འཁོད་དོན་ཚན་ནང་གསལ་སྤྱི་འཐུས་ལ་མ་འོས་པའི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་རིགས་དབུས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཆོག

 

དོན་ཚན་ཞེ་གཅིག་པ། འོས་གཞིར་དང་བླངས་འཛུལ་ཞུགས་དང་འདེམས་སྒྲུག་བྱེད་ཕྱོགས།

༡ སྒྲིག་གཞི་འདི་དང༌། གཙོ་བོ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་གི་དགོངས་དོན་གཞིར་བཟུང་སྐྱེ་བོ་སུ་རུང་རང་ཉིད་ཀྱི་ཐོབ་ཁུངས་སོ་སོའི་ཐོབ་ཆའི་སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་ཆོག

༢ སྐྱེ་བོ་གང་ཞིག་སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་བྱེད་པ་ལ།

ཀ དོན་ཚན་ ༣༩ ནང་གསལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་བ།

ཁ ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་གྱིས་རྒྱབ་སྐྱོར་ཡོད་པ།

༣ དབུས་འོས་བསྡུ་ལས་ཁང་ནས་ཁྱབ་བསྒྲགས་དགོས་པ་གཤམ་གསལ།

ཀ ཐོབ་ཁུངས་སོ་སོའི་སྤྱི་འཐུས་ཀྱི་ཐོབ་ཆའི་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུར་སྙན་ཞུས་ཀྱིས། ས་གནས་འོས་བསྡུ་ལས་ཁང་ནས་འགེངས་ཤོག་ཞུ་ལེན་དང༌། དོ་བདག་གི་ལོ་རྒྱུས་བཅས་ཕྱིར་འབུལ་བྱ་རྒྱུའི་དུས་ཚེས།

ཁ དང་བླངས་འཛུལ་ཞུགས་བྱས་པའི་འོས་གཞི་ལ་ས་གནས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་རྩད་གཅོད་དང་ཐག་གཅོད་བྱ་རྒྱུའི་དུས་ཚེས།

ག སྐྱེ་བོ་གང་ཞིག་དང་བླངས་འོས་གཞི་ནས་རང་མོས་ཕྱིར་འཐེན་བྱ་རྒྱུའི་དུས་ཚེས།

ང དབུས་འོས་བསྡུ་ལས་ཁང་ནས་མཐའ་བསྡོམས་གསལ་བསྒྲགས་བྱས་པའི་འོས་གཞི་རྣམས་ཀྱི་མིང་དང༌། འདྲ་པར། མཚོན་རྟགས། ཐོབ་ཁུངས། ད་ལྟའི་སྡོད་གནས། ལོ་རྒྱུས་མདོར་བསྡུས་བཅས།

 

དོན་ཚན་ཞེ་གཉིས་པ། དང་བླངས་འོས་གཞིའི་འགེངས་ཤོག་འབུལ་ཕྱོགས་དང་འབུལ་དུས།

༡ ས་གནས་འོས་བསྡུ་ལས་ཁང་དུ་དོ་བདག་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུའི་སྙན་ཞུ་ཕུལ་ཏེ། དང་བླངས་འོས་གཞིའི་འགེངས་ཤོག་དང༌། རྒྱབ་སྐྱོར་འགེངས་ཤོག་རྩིས་ལེན་བྱེད་དགོས།

༢ ཟུར་འཛར་ ཆ༽ དང་ ཇ༽ གཞིར་བཟུང་འོས་གཞིའི་འགེངས་ཤོག་དང་རྒྱབ་སྐྱོར་འགེངས་ཤོག་ནང་འཚེམས་ལུས་ནོར་འཁྲུལ་མེད་པར་བསྐངས་ནས། དང་བླངས་འོས་གཞིར་འཛུལ་ཞུགས་བྱེད་པོ་རང་ཉིད་དང༌། ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་རྒྱབ་སྐྱོར་གྱི་མིང་རྟགས་འཁོད་པའི་ཡིག་ཆ་བཅས་དབུས་འོས་བསྡུ་ལས་ཁང་གི་གཏན་འབེབས་དུས་ཚེས་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་ལ་ཕུལ་ཟིན་པ་དགོས།

༣ དང་བླངས་འཛུལ་ཞུགས་བྱེད་པོ་སོ་སོ་ནས་འགེངས་ཤོག་ཁག་དང་ཆབས་ཅིག་འབའ་དངུལ་རྒྱ་བལ་འབྲུག་གསུམ་ནས་ཧིན་སྒོར་ ༡༥༠༠༠ རེ་དང༌། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཨ་སྒོར་ ༥༠༠ རེ་ས་གནས་འོས་བསྡུ་ལས་ཁང་དུ་ཟུར་འཇོག་བྱེད་དགོས།

ཀ དང་བླངས་འཛུལ་ཞུགས་བྱས་པའི་སྐྱེ་བོ་གང་ཞིག་ཐོབ་ཁུངས་གང་ཡང་རུང་བ་དེའི་འོས་གཞིའི་མི་གྲངས་ཇི་ཡོད་ཀྱི་མཐའ་མའི་འོས་ཐོབ་གྲངས་འབོར་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡོམས་པའི་འབོར་དེ་དག་འོས་གཞི་རྣམས་ལ་ཆ་སྙོམ་དུ་བགོས་པའི་གྲངས་འབོར་དེའི་བརྒྱ་ཆ་བཞི་བཅུ་ཐམ་པ་དོ་བདག་དེར་ཐོབ་ན་སྤྱི་འཐུས་སུ་འདེམས་ཐོན་མ་བྱུང་རུང༌། ཐོག་མར་ཟུར་འཇོག་བྱས་པའི་འབའ་དངུལ་རྣམས་དོ་བདག་ལ་ཕྱིར་སྤྲོད་བྱེད་དགོས། གོང་གསལ་ལྟར་གྱི་བརྒྱ་ཆ་མ་ལོན་ཚེ་འབའ་དངུལ་དེ་དག་ཕྱིར་སྤྲོད་བྱེད་མི་དགོས།

ཁ དང་བླངས་འཛུལ་ཞུགས་བྱེད་པོར་འབའ་དངུལ་ཕྱིར་སྤྲོད་དགོས་མིན་དབུས་འོས་བསྡུ་ལས་ཁང་ནས་རྩིས་བསྐོར་གྱིས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དོ་བདག་སོ་སོར་བརྡ་ཐོ་གཏོང་རྒྱུ་དང༌། ཕྱིར་སྤྲོད་མ་དགོས་པའི་དངུལ་འབབ་རྣམས་གཞུང་གི་ཕྱོགས་བསྡོམས་མ་དངུལ་ནང་འཇོག་དགོས།

 

དོན་ཚན་ཞེ་གསུམ་པ། དང་བླངས་འོས་གཞིར་བརྟག་ཞིབ་རྩད་གཅོད་དུས་ཚེས།

༡ དང་བླངས་འོས་གཞི་རྣམས་འོས་མིན་བརྟག་ཞིབ་བྱ་རྒྱུ་འགེངས་ཤོག་འབུལ་རྒྱུའི་དུས་ཚེས་རྫོགས་པའི་ཕྱི་ཉིན་ནས་འགོ་འཛུགས་བྱེད་དགོས།

༢ ས་གནས་འོས་བསྡུའི་འགན་འཛིན་ནས་ས་གནས་འོས་བསྡུའི་ཚོགས་མི་དང༌། དང་བླངས་འོས་གཞིར་རྒྱབ་སྐྱོར་བྱེད་པོ་བཅས་ཚོགས་བསྐོང་བརྡ་ཐོ་གཞིར་བཟུང་འདུ་འཛོམས་ཐོག་འགེངས་ཤོག་ཡོངས་རྫོགས་ལ་བརྟག་ཞིབ་ཐུབ་པའི་དགོས་ངེས་ཀྱི་དུས་ཚོད་སྤྲོད་དགོས།

༣ ས་གནས་འོས་བསྡུའི་འགན་འཛིན་ནས་ཚོགས་ཐོག་ཏུ་འོས་གཞིའི་འགེངས་ཤོག་རེ་རེ་བཞིན་ཞིབ་འཇུག་གིས་འོས་གཞི་གང་ཞིག་གཤམ་གསལ་དོན་གནད་ཁག་གཞིར་བཟུང་ཕྱིར་འཐེན་བྱེད་དགོས།

ཀ ཁྲིམས་ལུགས་གཏན་འབེབས་རྩ་འཛིན་ཡིག་ཆ་ཁག་ནང་གསལ་འཐུས་མིའི་འོས་ཆོས་དང་མི་ལྡན་པ།

ཁ གཏན་འབེབས་དུས་ཚེས་ནང་འགེངས་ཤོག་ཕུལ་འབྱོར་མ་བྱུང་བ།

ག འབའ་དངུལ་ཟུར་འཇོག་མ་བྱས་པ།

ང འོས་གཞིའི་འགེངས་ཤོག་ཐོག་དང་བླངས་པ་དང༌། རྒྱབ་སྐྱོར་བ་གཉིས་ཀའི་མིང་རྟགས་ངོ་མ་མེད་པ།

ཅ འོས་གཞི་རང་ཉིད་བོད་ཀྱི་ཡུལ་མིའི་རང་བཞིན་དོར་ཟིན་པའམ། དཔྱ་དངུལ་འབུལ་ཆད་ཡོད་པ།

ཆ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་བཅས།

 

དོན་ཚན་ཞེ་བཞི་པ། དང་བླངས་འོས་གཞི་ནས་ཕྱིར་འཐེན།

༡ དང་བླངས་འོས་གཞིའི་ཁོངས་ནས་ཕྱིར་འཐེན་ཆོག་པའི་དུས་ཚེས་མཐའ་མ་འོས་གཞིར་བརྟག་ཞིབ་ཟིན་རྗེས་ཀྱི་ཉིན་གཉིས་པ་དེ་ཡིན་ཅིང༌། དུས་བཀག་དེའི་ནང་ཚུན་ཕྱིར་འཐེན་བྱས་རིགས་ནས་འབའ་དངུལ་ཕྱིར་ཞུ་བྱེད་ཆོག

༢ རང་ཉིད་འོས་གཞི་ནས་ཕྱིར་འཐེན་བྱ་རྒྱུའི་མིང་རྟགས་སྦྱར་མའི་སྙན་ཞུ་ས་གནས་འོས་བསྡུ་ལས་ཁང་ལ་ཕུལ་རྗེས་སླར་ཡང་སྐབས་དེའི་དང་བླངས་འོས་གཞིར་འཛུལ་ཞུགས་མི་ཆོག

 

དོན་ཚན་ཞེ་ལྔ་པ། དང་བླངས་འོས་གཞིའི་དུས་ཚེས་དང༌། མིང་ཐོ་འབུལ་ཕྱོགས།

དང་བླངས་འོས་གཞིར་འཛུལ་ཞུགས་དང༌། བརྟག་ཞིབ། ཕྱིར་འཐེན་བཅས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་ཉིན་གཉིས་གོང་ཐག་གཅོད་ཟིན་པ་བྱ་དགོས། ཐག་གཅོད་ཟིན་མཚམས་ས་གནས་འོས་བསྡུ་ལས་ཁང་ནས་འོས་གཞིའི་འགེངས་ཤོག་དང༌། འོས་གཞི་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་བཅས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས།

 

དོན་ཚན་ཞེ་དྲུག་པ། སྤྱི་འཐུས་འོས་དམིགས་འདེམས་སྒྲུག

ས་གནས་འོས་བསྡུ་ལས་ཁང་ནས་ཁྱབ་ཁོངས་མི་མང་རྣམས་ལ་འོས་དམིགས་འདེམས་སྒྲུག་དགོས་པའི་བཀོད་བྱུས་དང༌། བརྡ་ཁྱབ་གཏོང་རྒྱུ།

༡ ས་གནས་འོས་འཕེན་པའི་མིང་གཞུང་ཁག་གཞིར་བཟུང་ཐོབ་ཁུངས་ཀྱི་སྡེ་ཚན་མ་འདྲེས་པ་བྱ་རྒྱུ། ཆོལ་ཁ་མི་འདྲ་བའི་བཟའ་ཚང་རྣམས་ཆོལ་ཁོངས་དོ་བདག་སོ་སོའི་རང་དབང་འདོད་མོས་ཀྱིས་ཐག་གཅོད་ཇི་བྱས་ལ་རྩ་འཛིན་བྱ་རྒྱུ་དང༌། དེ་ལྟའི་བཟའ་ཚང་གི་ཕྲུ་གུ་རང་ལོ་ ༡༨ ཧྲིལ་པོ་ལོན་མཚམས་ཕ་མ་སུ་རུང་གི་ཆོལ་ཁར་རང་མོས་ཀྱིས་ཞུགས་ཆོག་ཅིང༌། རྗེས་སུ་ཆོལ་ཁ་གཞན་གྱི་བཟའ་ཟླ་བྱུང་ཚེ་ཆོལ་ཁ་བརྗེ་བསྒྱུར་གྱི་གོ་སྐབས་ཐེངས་གཅིག་སྤྲོད་ཆོག

༢ འོས་འཕེན་པ་རྣམས་ནས་འོས་དམིགས་འདེམས་སྒྲུག་མ་བྱས་གོང་འོས་དམིགས་ལ་ཁྲིམས་མཐུན་འོས་ཆོས་ཇི་དགོས་ཀྱི་གནས་ལུགས་ཤེས་རྟོགས་ཆེད། ས་གནས་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་དང༌། ཁྲིམས་སྒྲིག་ཁག་ནང་གསལ་འོས་ཆོས་དང་འབྲེལ་བའི་དོན་ཚན་རྣམས་སྒྲོག་སྦྱང་དང༌། འགྲེལ་བཤད་བྱེད་དགོས།

༣ འོས་འཕེན་པ་སོ་སོ་ནས་འདེམས་སྒྲུག་བྱ་རྒྱུའི་འོས་དམིགས་ཀྱི་གྲངས་ཚད་ཆོལ་ཁ་རེ་རེར་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། དགོན་ཁག་དང༌། ཆོས་ཀྱི་ཚོགས་སྡེ་ཁག་ནས་རང་རང་ཆོལ་ཁའི་ཐོབ་ཆའི་གྲངས་ཚད་སྤྱི་མཚུངས་ཐོག་ཆོས་བརྒྱུད་སོ་སོར་ཐོབ་ཆའི་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་ལྷོ་ཨ་རི་ཁུལ་དུ་ཐོབ་ཆའི་སྤྱི་འཐུས་གཉིས། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དུ་ཐོབ་ཆའི་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་ཐོབ་ཆའི་སྤྱི་འཐུས་གཅིག་བཅས་ལས་བརྒལ་བ་འདེམས་སྒྲུག་མི་ཆོག

༤ འོས་འཕེན་པ་སོ་སོ་ནས་འོས་དམིགས་འདེམས་སྒྲུག་བྱེད་སྐབས་འོས་དམིགས་རྣམས་ཀྱི་མིང་དང༌། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས། ཁྱད་མིང་ངམ་ནང་མིང་ལྟ་བུ་མིང་འདྲ་གཞན་དང་མི་ནོར་བའི་ཁྱད་མིང་རེ་བཅས་ཁ་གསལ་འགོད་ཐབས་དགོས།

 

དོན་ཚན་ཞེ་བདུན་པ། འོས་ཐོབ་གྲངས་བཤེར་ཕྱོགས་བསྡོམས་དང་འོས་གཞི་གཏན་འབེབས།

༡ དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པའི་དུས་ཚེས་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་ཁག་ནས་འོས་གཞིའི་ཐོ་གཞུང་ཡིག་ཆ་ཁག་དབུས་འོས་བསྡུ་ལས་ཁང་དུ་དུས་ཐོག་ངེས་འབུལ་ཐུབ་པ་དགོས། གལ་སྲིད་ས་གནས་ཐག་རིང་སྦྲག་ལམ་གྱི་མཐུན་རྐྱེན་ཇི་བཞིན་མེད་རིགས་ཁག་ནས་འོས་གཞིའི་ཐོ་གཞུང་ཡིག་ཆ་རྣམས་དུས་ཐོག་འབུལ་འབྱོར་མ་བྱུང་ཚེ་ས་ཁུལ་དེ་དག་གི་གནས་སྟངས་དང༌། མི་འབོར་མང་ཉུང་ལ་སྟབས་བསྟུན་དགོངས་བཞེས་ཀྱིས་འོས་གཞི་གཏན་འབེབས་བྱེད་རྒྱུའི་དུས་ཚེས་ནས་ལས་ཉིན་བདུན་རིང་ཕྱི་སྣུར་བྱེད་ཆོག

༢ ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་འོས་ཤོག་གྲངས་བཤེར་བྱས་པའི་ཐོ་གཞུང་ཡིག་ཆ་རྣམས་དབུས་འོས་བསྡུ་ལས་ཁང་ལ་ཕྱིར་འབུལ་བྱུང་མཚམས་སོ་སོར་འབྱོར་ཐོ་དེབ་བཀོད་ཀྱིས། འོས་གཞི་གཏན་འབེབས་གྲངས་བཤེར་བྱ་རྒྱུའི་དུས་ཚེས་བར་ཡིག་ཆ་རྣམས་ཁུངས་གཅིག་ཏུ་ཉར་འཇོག་དགོས་པ་ལས་གང་བྱུང་སྔོག་བཤེར་བྱེད་མི་ཆོག

༣ འོས་གྲངས་ཞིབ་བཤེར་བྱ་རྒྱུའི་དུས་ཚེས་ཉིན་དོན་ཚན་ ༡༠ ནང་གསེས་ ༣ གཞིར་བཟུང་འོས་ཐོབ་ཐོ་གཞུང་དང༌། ཡིག་ཆ་རྣམས་བསྔོག་བཤེར་བྱེད་ཆོག

༤ འོས་གྲངས་ཞིབ་བཤེར་སྐབས་འོས་ཐོབ་གྲངས་འབོར་མང་རིམ་བསྟར་བསྒྲིགས་ཀྱིས་མིང་དང༌། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས། འོས་གྲངས་ཇི་ཐོབ་ཀྱི་གྲངས་འབོར་གསལ་བཀོད་ཀྱིས་མིང་གཞུང་རེའུ་མིག་བཟོ་འགོད་བྱེད་དགོས་པ་དང༌། ཟུར་དཔང་དུ་སྤྱི་འཐུས་རྒྱུན་ལས་ནས་ཆོལ་ཁ་ཆོས་བརྒྱུད་སོ་སོའི་ཐོབ་ཁོངས་ནས་སྤྱི་འཐུས་རེ་དམིགས་འཛུགས་གནང་དགོས། རྩ་འབོར་གྱི་གསུམ་ཆ་གཉིས་བྱུང་ཕྱིན་འོས་ཤོག་གྲངས་བཤེར་བྱེད་ཆོག

༥ མིང་གཞུང་རེའུ་མིག་ནས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་འབོར་དེའི་ཉིས་ལྡབ་ཀྱི་འོས་གཞི་གཏན་འབེབས་བྱེད་དགོས། གལ་ཏེ་སྐྱེ་བོ་གང་ཞིག་སྲིད་སྐྱོང་ངམ། སྤྱི་འཐུས་ཐོབ་ཁུངས་གཉིས་ཀྱི་འོས་གཞིའི་ཁོངས་ཡོད་ན་དབུས་འོས་བསྡུ་ལས་ཁང་ནས་དོ་བདག་ཁུངས་གང་ཞིག་གི་ནང་ཞུགས་འདོད་ཡོད་མེད་འདྲི་རྩད་ཀྱིས་གཏན་འབེབས་བྱེད་དགོས།

༦ འོས་དམིགས་ནང་གསལ་བསྒྲགས་བྱ་རྒྱུའི་འོས་གཞི་རྣམས་དབུས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་ཀྱིས་འོས་གཞི་གང་ཞིག་སྒྲིག་གཞི་དོན་ཚན་ ༢༥ ནང་གསེས་ ༡།༢།༣།༡༠།༡༡ བཅས་དང་། དོན་ཚན་ ༤༣ ནང་གསེས་ ༣ པ་གཞིར་བཟུང་ཕྱིར་འཐེན་བྱེད་ཆོག

 

དོན་ཚན་ཞེ་བརྒྱད་པ། འོས་ཤོག་བཟོ་སྐྲུན།

༡ ཐོབ་ཁུངས་སོ་སོ་ངོས་འཛིན་བདེ་ཆེད་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་ཚོན་མདོག་མི་འདྲ་བ་བཟོ་སྐྲུན་གཏན་འབེབས་བྱེད་དགོས།

༢ འོས་ཤོག་སོ་སོའི་ནང་འོས་གཞིའི་མིང་ཐོ་རྣམས་གསལ་བསྒྲགས་ཟིན་པའི་མིང་གཞུང་གོ་རིམ་ལྟར་དང༌། མིང་འདྲ་ཡོད་ཚེ་ཕན་ཚུན་ངོས་འཛིན་བདེ་ཆེད་གསལ་ཁ་འགོད་དགོས།

༣ འོས་གཞི་སོ་སོའི་འདྲ་པར་དང་མཚོན་རྟགས་རེ་འགོད་དགོས།

 

དོན་ཚན་ཞེ་དགུ་པ། འོས་གཞི་གསལ་བསྒྲགས།

༡ དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད།

ཀ འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༣༠ གོང་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱེད་དགོས།

ཁ སྔོན་འགྲོའི་འོས་གཞི་ནས་དགོངས་ཞུ་བྱེད་འདོད་ཡོད་རིགས་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་པ་ཞུ་འཁྲོལ་དགོས་པ་དང༌། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག

༢ ས་གནས་འོས་བསྡུ་ལས་ཁང་གིས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་འོས་གཞི་རྣམས་ཀྱི་ལོ་རྒྱུས་བསྡུ་ལེན་གྱིས་ཞིབ་འཇུག་དང་སྦྲགས་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས།

༣ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱེད་དགོས།

ཀ དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་གྲངས་ ༢༠ གོང༌། དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་སྔོན་སོང་ནང་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་དང༌། འདྲ་པར། འོས་གཞིའི་མཚོན་རྟགས་བཅས་མཐའ་བསྡོམས་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས།

ཁ དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཟིན་པའི་འོས་གཞི་དེ་དག་གི་སྐོར་དང་བཀོད་ཁྱབ་བཅས་ས་གནས་འོས་བསྡུ་ལས་ཁང་སོ་སོར་གཏོང་དགོས། ས་གནས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཀྱི་འབྲུ་དོན་གཞིར་བཟུང་འོས་བསྡུ་བྱ་ཡུལ་སྡེ་ཚན་སོ་སོའི་ཁྱབ་ཁོངས་མི་མང་ལ་འོས་གཞི་ཁག་ཡིད་འཇགས་བློ་ངེས་ཐུབ་པའི་གསལ་བསྒྲགས་འཐུས་ནན་ཐོག་མི་ཚོགས་འདུ་འཛོམས་ཆེ་ས་ཁག་ལ་འགྲེམས་སྦྱར་བྱེད་དགོས།

༤ དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་བསྡུ་མ་བྱས་གོང་འོས་གཞི་སུ་རུང་ལ་འོས་ཆོས་ཚང་མིན་གྱི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་བའམ། དབུས་འོས་བསྡུ་ལས་ཁང་ནས་ཤེས་རྟོགས་བྱུང་སྐབས། ཁྲིམས་མཐུན་ཞིབ་འཇུག་གིས་སྒྲིག་དོན་གཞིར་བཟུང་གསལ་བསྒྲགས་ཟིན་པའི་འོས་གཞི་ཆ་ཚང་ངམ་འོས་གཞི་བྱེ་བྲག་པ་སུ་རུང་ཕྱིར་འཐེན་ཆོག་ཅིང༌། འོས་གཞི་ཆ་ཚང་ཕྱིར་འཐེན་བྱས་པ་ཡིན་ན་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་དང༌། འོས་གཞི་བྱེ་བྲག་པ་ཕྱིར་འཐེན་བྱས་པའམ་གློ་བུར་འཆི་སྐྱོན་བྱུང་བ་ཡིན་ན། འོས་གཞིའི་གྲངས་འབོར་ལ་གཞིགས་ཏེ་ཐག་གཅོད་བྱ་འཐུས།

 

དོན་ཚན་ལྔ་བཅུ་པ། དངོས་གཞིའི་འོས་བསྡུ།

དངོས་གཞིའི་འོས་བསྡུའི་སྐབས་བབ་ལས་དོན་རྣམས་དོན་ཚན་ ༣༡ དང་ ༣༢།༣༣།༣༤ གཞིར་བཟུང་ལག་བསྟར་བྱེད་དགོས་པ་དང༌། འོས་ཤོག་འགྲེམས་སྤྲོད་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་གལ་ཏེ་ས་གནས་གཞན་ནས་སླེབས་པའི་མི་ཞིག་ལ་ཡོང་ཁུངས་ས་གནས་དེ་ནས་དང་བླངས་དཔྱ་དངུལ་གྱི་ལག་དེབ་ཐོག་ས་གནས་འོས་བསྡུ་ལས་ཁང་གི་ལས་ཐམ་འཁོད་པའི་མིང་གཞུང་དེབ་འགོད་ཀྱི་མིང་རྟགས་དང་སྦྲགས་དེབ་འགོད་བྱས་པའི་ཨང་གྲངས་མིག་སྟོན་བྱ་རྒྱུ་ཡོད་ཚེ་ས་གནས་དེ་རང་གི་མིང་གཞུང་ནང་མེད་ན་ཡང་ཐོབ་ཁུངས་མ་ནོར་བར་འོས་ཤོག་འགྲེམས་སྤྲོད་བྱེད་ཆོག་པ་དང༌། ཐོབ་ཁུངས་གང་ཡིན་པ་དེའི་མིང་གཞུང་རེའུ་མིག་གཤམ་དུ་ས་གནས་དང༌། མི་མིང༌། འོས་བསྡུ་བའི་མིང་གཞུང་དེབ་འགོད་ཨང་གྲངས། དཔྱ་དངུལ་ལག་དེབ་ཀྱི་ཨང་གྲངས་བཅས་གསལ་པོ་འགོད་དགོས། སྲིད་སྐྱོང་གི་ཐད་ཟུར་འཛར་ ག༽ འོག་གོང་བཞིན་ལག་དེབ་ཨང་གྲངས་བཅས་གསལ་པོ་འགོད་དགོས།

 

དོན་ཚན་ང་གཅིག་པ། འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས།

འོས་ཐོབ་གྲངས་བཤེར་དོན་ཚན་ ༣༤ གཞིར་བཞག་ཐོག

༡ ཐོབ་ཁུངས་སོ་སོའི་ཁོངས་ནས་འོས་གྲངས་མང་རིམ་རྩེ་བཏོག་གིས་ཆོལ་ཁ་རེར་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ། ཆོས་བརྒྱུད་སོ་སོར་མི་གྲངས་གཉིས་རེ། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་དུ་མི་གྲངས་གཉིས་དང༌། བྱང་ཨ་རི་དང་ལྷོ་ཨ་རི་ཁུལ་དུ་མི་གྲངས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་མི་གྲངས་གཅིག་བཅས་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ཡིན།

༢ སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང༌། ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས།

༣ སྤྱི་འཐུས་འོས་བསྡུའི་ལས་དོན་ཡོངས་རྫོགས་སྤྱི་འཐུས་གསར་པས་དམ་འབུལ་ཞུ་རྒྱུའི་དུས་ཚེས་ཀྱི་ཉིན་གྲངས་ ༡༥ གོང་དུ་ངེས་པར་མཇུག་བསྒྲིལ་ཐུབ་པ་དགོས།

 

དོན་ཚན་ང་གཉིས་པ། རྒྱ་ཁྱབ་གསལ་བསྒྲགས་དང༌། འདེམས་ཐོན་སྤྱི་འཐུས་སོ་སོར་བརྡ་ལན་སྤྲོད་ཕྱོགས།

༡ འདེམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མིང་དང༌། འདྲ་པར། ད་ལྟའི་སྡོད་གནས། འོས་གྲངས་བཅས་དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱེད་དགོས།

༢ འདེམས་ཐོན་བྱུང་བའི་སྤྱི་འཐུས་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་གནས་ཚུལ་དང་སྦྲགས་བཞུགས་སྒར་དུ་དམ་བཅའ་འབུལ་བར་ངེས་བཅར་དགོས་རྒྱུའི་ཚེས་གྲངས་ཁ་གསལ་འཁོད་པའི་བརྡ་ལན་དབུས་འོས་བསྡུ་ལས་ཁང་ནས་ངེས་པར་འཕྲོད་ཐབས་བྱེད་དགོས།

 

དོན་ཚན་ང་གསུམ་པ། སྤྱི་འཐུས་དང༌། སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་གྱི་དུས་ཡུན།

སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་པ་དང༌། དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ཉིན་སྐབས་དེའི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས།

 

 

keyboard_arrow_up