ཚོགས་གཙོ་ཚོགས་གཞོན་

སྤྱི་འཐུས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་འོས་བསྡུ།

དོན་ཚན་ང་བཞི་པ། འོས་གཞིའི་ཡོང་ཁུངས་དང༌། འོས་བསྡུ་བྱེད་པོ།

སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་གཞི་ཡོང་ཁུངས་དང༌། འོས་བསྡུ་བྱེད་པོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཁོ་ན་ཡིན།

 

དོན་ཚན་ང་ལྔ་པ། འོས་བསྡུ་བྱེད་ཕྱོགས།

བཅའ་ཁྲིམས་དོན་ཚན་ ༤༥ ནང་གསལ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་དགོས་པར་སྔོན་ལ་ཚོགས་གཙོའི་འོས་བསྡུ་དང༌། དེ་རྗེས་ཚོགས་གཙོ་གཞོན་པའི་འོས་བསྡུ་གཉིས་སྔ་རྗེས་གོ་རིམ་བཞིན་བྱེད་དགོས། འོན་ཀྱང་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་འོས་མི་ཞིག་ལ་སྤྱི་མོས་བྱུང་ཚེ་དབུས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་ཀྱིས་ཐག་གཅོད་བྱུང་མཚམས་འདེམས་ཐོན་བྱུང་བར་གསལ་བསྒྲགས་བྱེད་ཆོག

 

དོན་ཚན་ང་དྲུག་པ། ཚོགས་གཙོའི་འོས་བསྡུ།

དབུས་འོས་བསྡུ་ལས་ཁང་ནས་བཀྲམ་པའི་ལས་ཐམ་སྦྱར་མའི་འོས་ཤོག་ནང་གསལ་འོས་གཞི་སྤྱི་འཐུས་ཡོངས་རྫོགས་ནས་སུ་འོས་གཅིག་ལ་སྤྱི་འཐུས་སོ་སོས་རང་མོས་འོས་ཐམ་བརྒྱབས་ཏེ་གསང་བའི་འོས་ཤོག་འཕེན་དགོས།

 

དོན་ཚན་ང་བདུན་པ། འོས་གྲངས་འདྲ་མཉམ་ཐོན་ཚེ་བྱེད་ཕྱོགས།

༡ འོས་གྲངས་མང་ཐོན་རྩེ་བཏོག་འདྲ་མཉམ་ཐོན་ཚེ་འོས་གྲངས་འདྲ་མཉམ་དེ་དག་ལ་བསྐྱར་དུ་འོས་ཤོག་འཕེན་དགོས། མུ་མཐུད་འདྲ་མཉམ་ཐེངས་གསུམ་ཐོན་ཚེ་སླར་ཡང་དོན་ཚན་ ༥༦ པ་ལྟར་འོས་བསྡུ་བྱ་དགོས།

༢ སླར་ཡང་འོས་བསྡུ་བྱས་ཀྱང་གོང་གསལ་ནང་གསེས་ ༡ ལྟར་འདྲ་མཉམ་ཐེངས་གསུམ་བྱུང་བ་ཡིན་ན། སྐབས་དེའི་སྤྱི་འཐུས་དུས་ཡུན་ཆ་བགོས་ཀྱིས་ཚོགས་གཙོ་རེས་མོས་བྱ་དགོས།

 

དོན་ཚན་ང་བརྒྱད་པ། འོས་ཤོག་རྩིས་མེད་གཏོང་ཕྱོགས།

འོས་ཤོག་གྲངས་བཤེར་སྐབས་དོན་ཚན་ ༣༤ ནང་གསེས་ ༢ ནང་གསལ་ལྟར་རམ། དབུས་འོས་བསྡུ་ལས་ཁང་གིས་གོ་སྒྲིག་བྱས་པའི་འོས་ཐམ་བེད་སྤྱོད་མ་བྱས་པའི་འོས་ཤོག་དེ་ཉིད་རྩིས་མེད་དང༌། འོས་སྒམ་ནས་འོས་འཕེན་པའི་གྲངས་ཚད་ལས་བརྒལ་བའི་འོས་ཤོག་ཐོན་ཚེ། འོས་ཤོག་ཡོངས་རྫོགས་རྩིས་མེད་ཀྱིས་བསྐྱར་དུ་འོས་བསྡུ་བྱེད་དགོས།

 

དོན་ཚན་ང་དགུ་པ། འདེམས་ཐོན་ཚོགས་གཙོ་གསལ་བསྒྲགས།

༡ དབུས་འོས་བསྡུ་ལས་ཁང་ནས་མཐའ་མའི་འོས་ཤོག་གྲངས་བཤེར་ཟིན་མཚམས་འོས་གྲངས་མང་ཤོས་ཐོབ་པ་དེར་འདེམས་ཐོན་ཚོགས་གཙོར་གསལ་བསྒྲགས་བྱེད་དགོས།

༢ གསལ་བསྒྲགས་བྱས་པ་དེ་ནས་ཕྱིར་འཐེན་བྱེད་མཁན་བྱུང་ཚེ་འོས་གྲངས་མང་རིམ་རྩེ་བཏོག་གིས་འདེམས་ཐོན་ཚོགས་གཙོར་གསལ་བསྒྲགས་བྱེད་རྒྱུ།

 

དོན་ཚན་དྲུག་ཅུ་པ། ཚོགས་གཙོ་གཞོན་པའི་འོས་བསྡུ།

ཚོགས་གཙོ་གཞོན་པའི་འོས་བསྡུ་དོན་ཚན་ ༥༦ ནས་ ༥༩ བར་གཞིར་བཟུང་བྱེད་དགོས།

 

དོན་ཚན་རེ་གཅིག་པ། ཚོགས་གཙོ་དང་ཚོགས་གཞོན་གྱི་དམ་འབུལ།

ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་དུས་ཚེས་གཏན་འབེབས་ཉིན་བཅའ་ཁྲིམས་དགོངས་དོན་དམ་འབུལ་ཞུ་དགོས།

keyboard_arrow_up