འོས་བསྡུའི་ལམ་སྟོན་ཟབ་སྦྱོང་དང་ཕྱོགས་བསྐྱོད།

ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།

IMG_2577 (1)༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ ཉིན་འདི་གར་དབུས་འོས་བསྡུ་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་བཞིན་ཕྱི་ལོ ༢༠༡༥ ཟླ ༡༠ ཚེས་ ༡༨ རེས་གཟའ་ཉི་མ་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་༢༠ རེས་གཟའ་ཉི་མ་ལ་གཏན་ཁེལ་གནང་དོན་བཞིན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལྷན་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ནས་ ༢༡ བར་ཉིན་གསུམ་རིང་ས་གནས་འོས་བསྡུའི་འགན་འཛིན་ཁག་གིས་གཙོས་འོས་བསྡུའི་ཚོགས་མི་བརྒྱད་ཅུ་ལྷག་ལ་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་ཟབ་སྦྱོང་གནང་ཡོད་པ་མ་ཟད། སྐབས་དེར་ཚོགས་བཅར་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བཀའ་སློབ་གསུང་གི་བདུད་རྩི་རྣ་བའི་གསོས་སུ་ཐོབ་པའི་བསྐལ་བཟང་བྱུང་།

དེ་བཞིན་དུ་རྒྱ་ཆེའི་མང་ཚོགས་ལ་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་མང་གཙོའི་འགན་དབང་སྤྱོད་གལ་ཆེ་བའི་སྐོར་དང་། འོས་འཕེན་པའི་ཆ་རྐྱེན། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཆོས། འོས་འཕེན་པའི་བྱེད་སྒོ་ཁག་དང་འོས་སྒྲིག་ནང་དུ་གསར་འཇུག་བསྐྱར་བཅོས་དང་འབྲེལ་བའི་ལམ་སྟོན་གཏན་འབེབས་སོགས་ལམ་སྟོན་བྱེད་སྒོ་ཁག་འོས་བསྡུའི་སྒྲིག་གཞི་ལས་ཟུར་འདོན་བྱས་ཏེ་ཕྱི་ལོ ༢༠༡༥ ཟླ ༧ ཚེས་ ༢༤ ནས་ཕྱི་ཟླ་ ༩ ཚེས་ ༤ བར་དུ་བོད་མི་སྡོད་གནས་ཁག་བརྒྱད་ཅུ་གྱ་བཞི་ལ་ཆེད་བཅར་གྱིས་ལམ་སྟོན་འཐུས་གཙང་ཞུས་ཡོད།

དེ་ཡང་ཕྱི་ཟླ་ ༧ ཚེས ༢༤ ནས་ ༢༩ བར་འོས་བསྡུའི་འགན་འཛིན་ལས་འཕར་བསྟན་འཛིན་ཆོས་འཕེལ་ལགས་བཀྲ་ཤིས་ལྗོངས་དང། སྦིར་བོད་མིའི་གཞིས་སྒར་ས་ཁུལ་ཁག་ལྔ་དང་། ཀུ་ལུ་མ་ན་ལི། སྤོན་ཊོ་དང་ མཚོ་པདྨ། སིམ་ལ་དང་སོ་ལན་བཅས་ས་ཁུལ་ཁག་བཅུ་གཅིག་དང་། དེ་བཞིན་དུ་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་དྲུང་གཞོན་བསྟན་འཛིན་ནོར་བུ་ལགས་རྣམ་གཉིས་ཀུམ་རའོ་དང་སཱ་ཌོན། སྤུར་ཝ་ལ། སྤོན་ཊ་ཆོལ་གསུམ། ཧབ་སྤུར། སེ་ལ་ཀུའི་སློབ་གྲྭ། ལྡེ་ར་ལྡུན་ས་ཁུལ་ཁག་དྲུག་བཅས་ཁྱོན་བསྡོམས་ས་ཁུལ་ཁག་བཅུ་གཉིས་ལ་ཆེད་བཅར་གྱིས་རྒྱ་ཆེའི་མང་ཚོགས་ལ་གོང་གསལ་ལམ་སྟོན་བྱེད་སྒོ་ཁག་དང་དོགས་འདྲི་ཁག་ལ་ལན་འདེབས་ཞུས།

དེ་བཞིན་དུ་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡ ནས་ ༢༢ བར་འདི་གའི་སྤྱི་ཁྱབ་འགན་འཛིན་མཆོག་དང་ལས་འཕར་རྣམ་གཉིས་བཅས་ས་གནས་ཆ་བགོས་ཀྱིས་གཞུང་འབྲེལ་ལམ་སྟོན་ཕྱོགས་བསྐྱོད་གནང་། དེ་ཡང་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་ལྔ་ཡི་ནང་གསེས་ས་ཁུལ་བཅུ་བཞི་དང་། བེངྒ་ལོར་ནང་གི་མཐོ་སློབ་ཁག་གཉིས། གྒོ་ཝ་བཅས་ས་ཁུལ་ཁག་བཅོ་བརྒྱད་དང་། འགན་འཛིན་ལས་འཕར་བསྟན་འཛིན་ཆོས་འཕེལ་ལགས་ཀ་རྡོར་སྒང་གསུམ་གྱི་ས་ཁུལ་ཁག་དགུ་དང་། ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་བོད་མི་གནས་སྡོད་ཁག་བཞི། དྷི་མ་པུར། ཤི་ལོང་བཅས་ས་ཁུལ་ཁག་བཅོ་ལྔ། དེ་བཞིན་དུ་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཝར་ཎ་དང་ལྡི་ལི། བྷ་རོ་དྷ་ར། ཅན་རྡི་སྒར་མཐོ་སློབ་བཅས་མཐོ་སློབ་ཆེ་ཁག་བཞི་དང། ཨོ་རི་ས། མན་སྤར། བྷན་དྷ་ར། ལྡི་ལི་བཅས་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་དང་། ལ་དྭགས་ས་ཁུལ་དྲུག་དང་ཌལ་ཧོར་བཅས་ས་ཁུལ་ཁག་བཅུ་དྲུག དེ་དང་ཕྱོགས་མཚུངས་ཕྱི་ཟླ་ ༨ ཚེས ༣༡ ནས་ཟླ་ ༩ ཚེས ༤ བར་བཞུགས་སྒར་རྡ་ས་བོད་མིའི་སྡོད་གནས་ས་ཁུལ་ཁག་བཅུ་གསུམ་ལ་འདི་གའི་འགན་འཛིན་རྣམ་གསུམ་ལྷན་བཅར་གྱིས་ལམ་སྟོན་བྱེད་སྒོ་ཁག་དང་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད།།

ས་གནས་མི་མང་ནས་བསམ་ཚུལ་དང་དོགས་འདྲི་ཤུགས་ཆེར་བྱུང་བ་ཁག་ནི།

དང་པོ། བསམ་ཚུལ།

ཀ༽ ས་གནས་ཕལ་མོ་ཆེ་ནས་བལ་བཙོང་གི་དུས་སུ་འོས་བསྡུ་མ་ཁེལ་བ་གནང་གལ་ཆེ་བས་མ་འོངས་པར་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཡོང་ཐབས་གནང་དགོས་སྐོར།

ཁ༽ ས་གནས་གང་འཚམ་ཞིག་ནས་གྲྭ་བཙུན་སྔགས་གསུམ་ལ་འོས་གཉིས་ཀྱི་ཐོབ་ཐང་ཡོད་པ་དེ་འགྲིག་གི་མེད་པའི་སྐོར། IMG_2534

ག༽ ས་གནས་གང་འཚམ་ཞིག་ནས་ཆོས་ལུགས་སྤྱི་འཐུས་ལ་མི་སྐྱ་ཡོང་ཆོག་པ་དེ་འགྲིག་གི་མེད་པའི་སྐོར།

ང༽ ས་གནས་རེ་ཟུང་ནས་བཅའ་ཁྲིམས་བསྐྱར་བཅོས་ནང་སྤྱི་འཐུས་འོས་ཐོབ་བརྒྱ་ཆ་མེད་པ་བཟོས་པ་དེ་འགྲིག་གི་མེད་པའི་སྐོར།


གཉིས་པ། དོགས་འདྲི།

ཀ༽ སྤྱི་འཐུས་དང་སྲིད་སྐྱོང་གི་འོས་ཆོས་ནང་བོད་ཀྱི་ཡུལ་མི་ཡིན་པ། ཞེས་པའི་བོད་ཀྱི་ཡུལ་མི་ཡིན་མིན་གྱི་དབྱེ་མཚམས་གང་ཡིན།

ཁ༽ རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་ཡོད་མཁན་ཚོ་བོད་ཀྱི་ཡུལ་མི་རེད་དམ།

ག༽ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ་ཞེས་པའི་ཁྲིམས་ཁང་དང་ནག་ཉེས་དེ་གང་ལ་ངོས་འཛིན་བྱེད་དགོས།

ང༽ སྲིད་སྐྱོང་དང་སྤྱི་འཐུས་རྣམས་ལ་གསལ་བསྒྲགས་སོགས་ཀྱི་ཆེད་དུ་འགྲོ་གྲོན་འབུམ་བརྒྱད་དང་གསུམ་ལ་ཚད་འཛིན་གཏན་འབེབས་གནང་བ་དང་ཁྲིམས་མཐུན་དགོས་པ་ཞེས་པ། ཚད་གཞི་ལས་བརྒལ་མིན་དང་ཁྲིམས་མཐུན་ཡིན་མིན་སུས་ཞིབ་འཇུག་བྱེད་དམ།

ཅ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བ་ལ་ངོས་འཛིན་བྱེད་དགོས་དང་མི་དགོས།

ཆ༽ སྲིད་སྐྱོང་འོས་གཞི་ལང་མཁན་དེ་ཚོས་དབུས་འོས་བསྡུ་ལས་ཁང་ལ་སྙན་སེང་དེབ་བསྐྱེལ་བྱེད་དགོས་མིན་སོགས་ཀྱི་དྲི་བ་བྱུང་ཡོད། །
IMG_2547

Related Posts

keyboard_arrow_up