བཅའ་ཁྲིམས།

༄༅།།བཙན་བྱོལ་བོད་མིའི་བཅའ་ཁྲིམས།

སྔོན་གླེང༌།

༄༅། །ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་འུ་དུམ་བཙན་པོའི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་རབས་ཞེ་གསུམ་གྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་པུར་རྒྱལ་བོད་ཅེས་བྱ་བ་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་གྱུར་ཏེ་རྒྱ་ཧོར་བོད་གསུམ་ཞེས་འདྲ་མཚུངས་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཅིང༌། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རང་བཙན་པ་འབུར་དོད་བྱུང་བ་ནས་བཟུང་ཆོས་དང༌། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་གང་ས་ནས་འཕགས་ཡུལ་གཉིས་པ་ལྟ་བུར་གྱུར།

ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་ཆིག་བསྒྲིལ་གྱི་ནུས་པ་ཉམས་ཏེ་ལུང་ཚན་སོ་སོའི་སྒེར་བཙན་ཙམ་ལས་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་བྱུང་མེད། ཕྱི་ལོ་ ༡༢༦༠ ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆེན་པོ་ཧོར་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ། ཆོལ་གསུམ་ཡོངས་ལ་ཁྱབ་པའི་སྲིད་དབང་སླར་གསོ་མཛད་ཀྱང༌། རིང་པོར་མ་ཐོགས་པར་མཐའ་མཚམས་ཇི་བཞིན་སྐྱོང་མ་ཐུབ་ཁར། ལོ་ ༣༨༠ སྐོར་གྱི་ནང་ཕག་གྲུ་དང༌། རིན་སྤུངས། གཙང་པ་བཅས་བོད་ཀྱི་སྲིད་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་བོད་ལྗོངས་ཡོངས་ལ་ཁྲིམས་དང་དབང་ལུང་གིས་མ་ཁྱབ་ཅིང༌། ནང་ཁུལ་བདེ་གཟར་མང་བས་བོད་སྤྱིའི་ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་དམས་སུ་གྱུར།

ཕྱི་ལོ་ ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་སྲོལ་ཚུགས་ཤིང༌། བོད་ཀྱི་ཆབ་སྲིད་གང་ཙམ་སྲ་བརྟན་དང༌། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ཞིང༌། ྋརྒྱལ་དབང་སྐུ་ཕྲེང་ན་རིམ་དགུང་ན་སོན་མཚམས་ཆབ་སྲིད་ཀྱི་མཛད་ཁུར་རིམ་བཞེས་མཛད་ལམ་ཆགས།

ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་ནས་སྲིད་ཕྱོགས་ཀྱི་ལས་དོན་སྤྱི་དང༌། ཁྱད་པར་རྒྱལ་སྤྱིའི་ནང་ཕྱི་འབྲེལ་ཇི་བཞིན་མ་བྱུང་ཁར། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་པ་ནས་རིང་པོར་མ་སོང་བར་འགལ་རྐྱེན་དབང་གིས་སོག་ཡུལ་དང༌། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་ྋཞབས་སོར་འཁོད་བསྟུན་བོད་ཀྱི་མངའ་དབང་གི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་འབྲེལ་བར་སྐབས་རྒྱལ་སྤྱིའི་གནས་ཚུལ་གཟིགས་རྟོག་ཇི་བྱུང་བཞིན་བོད་འབངས་བདེ་ཐབས་དང༌། ཆབ་སྲིད་ཕྲ་ཚུགས་ཐབས་སུ་དེང་རབས་ཀྱི་སློབ་གསོ་དང༌། ལམ་ལུགས་ལེགས་བཅོས་སོགས་ལ་ཐུགས་བརྩོན་གནང་སྟེ་རླབས་ཆེན་གྱི་གྲུབ་འབྲས་བྱུང༌། མདོ་དོན་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་ལོ་བཞི་བརྒྱར་ཉེ་བའི་རིང་སྲ་བརྟན་འཛིན་སྐྱོང་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང༌། ཕྱི་ལོ་ ༡༩༥༠ ལོར་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་པའི་སྐབས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་སོན་མེད་ཀྱང་ཆབ་སྲིད་ཀྱི་འགན་དབང་འབུལ་བཞེས་གནང་དགོས་བྱུང་ཞིང༌། ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ་ལོ་བརྒྱད་ཙམ་རིང་གནས་ཐབས་མཛད་ཀྱང་རྒྱ་ནག་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང་བོད་མིར་དྲག་གནོན་དབང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་སྤོ་བཤུག་དང་འབྲེལ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་བའི་གསལ་བསྒྲགས་བསྐྱངས།

དེའི་རྗེས་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྲོང་ཁྱེར་ཏེཛ་པུར་དུ་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས།

གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་ཞུ་བཞིན་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་རྒྱ་གར་དུ་གཞི་ཚུགས་པ་དང་མཉམ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རིང་ནས་ཐུགས་ལ་བརྣགས་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་གསོལ་བསྩལ་གནང་སྟེ་ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང༌། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༩༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་བཅས་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།

ཕྱི་ལོ་ ༢༠༠༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ། མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང༌། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་ན་རིམ་གཞུང་གི་འགན་འཛིན་དང༌། རྒྱལ་ཁབ་ཀྱི་དབུ་འཛིན་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང༌། ད་ཆ་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང༌། བོད་མི་རྣམས་གང་ཟག་གཅིག་ལ་བརྟེན་མི་དགོས་པར་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བཞེས་རྒྱུ་མིན་པ་དང༌། འབྱུང་འགྱུར་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང༌། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞི་བསྐྱར་བཅོས་དགོས་པའི་བཀའ་ལྕི་བཟློག་མེད་གྲོས་ཚོགས་སུ་ཕེབས་པ་ལ་བསྐྱར་དུ་དགོངས་བཞེས་ཡོང་བའི་གསོལ་བ་བཏབ་ཀྱང་ཞལ་བཞེས་མ་གནང་བར་ཕྱིར་སློག་བྱུང་བ་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པས་་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཛད་འཁུར་སྐྱོང་བཞེས་ཡོང་བའི་གསོལ་འདེབས་ཀྱང་ཞལ་བཞེས་མ་གནང་བ་བཅས་ལ་བརྟེན། བཀའ་དགོངས་དང་ལེན་མ་ཞུས་ཐབས་མེད་དུ་གྱུར་ཏེ། སྤྱི་ལྷན་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་ཞིག་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་གཞིར་བཟུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་ྋགོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་དེ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ནས་རྩ་འཛིན་བྱས་པ་ཡིན།།

ལེའུ་དང་པོ།

གཞི་རྩའི་ལམ་སྟོན།

དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།

བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།

༡ བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།

༢ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།

༣ བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས།

དོན་ཚན་གཉིས་པ། ཁྱབ་ཚད།

བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན།

མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང༌། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན།

དོན་ཚན་བཞི་པ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང༌། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང༌། ཡུལ་མི། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང༌། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་བཅས།

དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན།

༡ ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།

༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།

དོན་ཚན་དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌།

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།

དོན་ཚན་བདུན་པ། དམག་འཐབ་སྤོང་བ།

མ་འོངས་བོད་ཀྱི་ཡུལ་ཁམས་འཚེ་མེད་ཞི་བའི་བསྟི་གནས་སུ་གནས་རྒྱུ་དང༌། གོ་མཚོན་དུག་རླངས་རིགས་ཀྱི་ཐོན་སྐྱེད་ནམ་ཡང་མི་བྱེད་པའི་འབད་རྩོལ་བྱ་རྒྱུ་དང༌། ད་ལྟ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་མཚོན་དོན་གནད་གང་གི་ཆེད་དུའང་དམག་འཐབ་སྤང་རྒྱུ།

དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི།

༡ བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་གཞུག་རྒྱུའི་ཐོབ་ཐང་ཡོད།

༢ བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།

༣ རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག

༤ གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ།

ལེའུ་གཉིས་པ།

གཞི་རྩའི་ཐོབ་ཐང་དང༌། ལས་འགན།

དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ།

བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།

དོན་ཚན་བཅུ་པ། ཆོས་དད་རང་དབང༌།

ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། བོད་མི་རེ་རེར་བསམ་བློ་དང༌། རྣམ་དཔྱོད། ཆོས་ལུགས་བཅས་རང་མོས་ལྟར་སྤྱོད་པ་དང༌། ཁེར་རྐྱང་ངམ། མཉམ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་གང་ཞིག་ལ་དད་མོས་ཉམས་ལེན་དང༌། ཆོས་སྒོར་ཞུགས་པ། ཆོས་འཆད་སྤེལ་དང༌། ཆོས་སྤྱོད་ཅི་རིགས་བཅས་མངོན་གསལ་དུ་བྱེད་ཆོག་པའི་ཐོབ་ཐང་ཡོད།

དོན་ཚན་བཅུ་གཅིག་པ། འོས་བསྡུ་དང༌། འོས་གཞིའི་ཐོབ་ཐང༌།

ཁྲིམས་སྒྲིག་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་ཕོ་མོ་རང་ལོ་ ༡༨ ཧྲིལ་པོར་ལོན་པ་ཡན་ཚང་མར་འོས་བསྡུའི་ཐོབ་ཐང་དང༌། ཁྲིམས་སྒྲིག་ཁག་གཞིར་བཟུང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་ཚང་མར་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད།

ཁྲིམས་སྒྲིག་ཁག་གི་ནང་གསལ་རང་ལོ་བརྩི་ཕྱོགས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་སྐྱེས་ལོ་སྐྱེས་ཚེས་ལ་རྩ་འཛིན་བྱ་དགོས།

དོན་ཚན་བཅུ་གཉིས་པ། གཞི་རྩའི་རང་དབང་དང༌། ཐོབ་ཐང་གཞན་ཁག

བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་སྡོམ་བྱེད་དགོས་དང༌། ལས་བྱེད་སོ་སོའི་ལས་རྒྱུན་རིང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། བོད་ཀྱི་ཡུལ་མི་ཚང་མར་གཤམ་གསལ་རང་དབང་དང༌། ཐོབ་ཐང་ཁག་ཡོད།

༡ ལུས་སྲོག་དང༌། འདོད་དབང༌། མཁར་དབང་བཅས་ཀྱི་ཐོབ་ཐང༌།

༢ གཏམ་བརྗོད།

༣ འགྲོ་འོང༌།

༤ གསར་ཤོག་དང༌། དུས་དེབ། རྩོམ་ཡིག་རིགས་དཔར་འགྲེམས་དང༌། ཁྱབ་སྤེལ།

༥ གོ་མཚོན་མེད་པར་ཞི་བའི་འདུ་ཚོགས།

༦ ཁྲིམས་རྩོད་ཞུ་གཏུགས་སྐབས་མཐུན་རྐྱེན་མེད་རིགས་ལ་གླ་མེད་ཁྲིམས་རྩོད་པ་དང༌། སྐད་སྒྱུར་རིགས།

༧ ཆོས་དང༌། རིག་གནས། དཔལ་འབྱོར། མཉམ་འབྲེལ། སྤྱི་མཐུན་བཅས་ཀྱི་ཚོགས་ཁག་འཛུགས་པ་དང༌། ཚོགས་པར་ཞུགས་པ།

༨ རང་གི་ཤེས་ཚད་དང་འཚམས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་རིགས་གང་རུང་དུ་གཞུག་རྒྱུའི་གོ་སྐབས་འདྲ་མཉམ།

༩ གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་དང་མཐུན་པའི་ལས་རིགས་དང༌། ཚོང་འཁོས། ས་ཁང་ཉོ་ཚོང༌། ལས་དོན་གཞན་དག་གང་རུང་བྱེད་པ།

༡༠ ཕྲུ་གུ་རང་ལོ་བཅུ་བཞི་ཧྲིལ་པོར་ལོན་པ་མན་ཆད་ངལ་རྩོལ་ལ་གཞུག་མི་དགོས་པ་བཅས།

དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།

བོད་ཀྱི་ཡུལ་མི་ཚང་མས་སྒྲུབ་དགོས་པའི་ལས་འགན་གཤམ་གསལ།

༡ བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད།

༢ བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན།

༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།

༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།

༥ བོད་མིའི་སྒྲིག་འཛུགས་དང༌། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས།

དོན་ཚན་བཅུ་བཞི་པ། གཞི་རྩའི་ཐོབ་ཐང་དང༌། ལས་འགན་ལག་ལེན་དོན་འཁེལ།

གོང་འཁོད་དོན་ཚན་ཁག་ནང་གསལ་གྱི་ཐོབ་ཐང་དང༌། ལས་འགན་ཁག་ལ་གནོད་འགལ་བྱུང་ཚེ་དོན་ཚན་ ༡༢ པ་ནང་གསལ་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། དེ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་ཞིབ་ཁང་འོག་མ་ཁག་ལ་སྐབས་བསྟུན་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད་ཅིང༌། ཁྲིམས་ཞིབ་ཁང་དེ་དག་ལ་གོང་འཁོད་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད།

ལེའུ་གསུམ་པ།

སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན།

དོན་ཚན་བཅོ་ལྔ་པ། བོད་དོན་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས།

བོད་མིའི་སྒྲིག་འཛུགས་ཀྱི་བསྒྲུབ་བྱའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་ཡང་དག་ལ་འབད་བརྩོན་བྱ་རྒྱུ་དང༌། བོད་མཐོ་སྒང་གི་ས་བབ་ཀྱི་ཐོག་ནས་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨེ་ཤ་ཡའི་གླིང་ཆེན་གྱི་རྒྱལ་ཁབ་དང་ཡུལ་མི་མང་དག་ཅིག་ལ་གལ་འགངས་ཤིན་ཏུ་ཆེ་བས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མིའི་སྒྲིག་འཛུགས་དང༌། བོད་མི་ཚང་མས་རྒྱལ་སྤྱིའི་ནང་ལས་འགུལ་ཇེ་མང་སྤེལ་ཐབས་བྱ་རྒྱུ།

གནས་སྐབས་སུའང་གཞིས་ལུས་བོད་མི་རྣམས་དཀའ་ཉེན་ལས་སྐྱོབ་ཐབས་བྱ་རྒྱུ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲང་བདེན་དང༌། འདྲ་མཉམ། དཔལ་འབྱོར་ཐོན་སྐྱེད་སྤྱི་སྨན་ཡོང་བའི་འགྲོ་ལུགས་བཅས་ཀྱི་སྤྱི་ཚོགས་བདེ་དོན་གྱི་སྲིད་བྱུས་ཡང་དག་སྐྱོང་དགོས་པ་དང༌། ཁྱད་པར་གཞོན་སྐྱེས་རྣམས་ལ་ཤེས་ཡོན་དང༌། གནའ་བོའི་རིག་གཞུང་བཟང་པོའི་གོམས་གཤིས་འཇགས་རྒྱུ་བཅས་ཀྱི་གོ་སྐབས་ཚད་ལྡན་སྤྲོད་ཐབས་དང༌། ལུས་སེམས་བདེ་ཐང་དུ་འཚར་ལོངས་ཡོང་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་སྒྲུབ་ཐབས་བཅས་ཀྱི་ཆེད་གཤམ་གསལ་དོན་ཚན་རྣམས་སུ་ཆེད་བཀོད་ལས་དོན་རྣམས་བསྒྲུབ་རྒྱུ།

དོན་ཚན་བཅུ་དྲུག་པ། སྤྱི་ཚོགས་བདེ་དོན།

༡ བཙན་བྱོལ་བོད་མིའི་ཕན་བདེ་སྒྲུབ་ཆེད་འཚོ་བའི་མཐུན་རྐྱེན་སྒྲུབ་ཐབས་དང༌། ལུས་སེམས་ཞི་བདེར་གནས་ཐབས་ལ་འབད་རྒྱུ། ངལ་སེལ་གྲོགས་ཕན་གྱི་ཐོབ་ཐང་འདྲ་མཉམ། གཞུང་དང༌། གཞུང་ཁོངས་ལས་དོན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་ཡོང་བ་བཅས་ཀྱི་སྲིད་བྱུས་ལག་བསྟར་དང༌། ཡོང་འབབ་ལ་གཞིགས་པའི་ཆ་སྙོམས་ཀྱི་དཔྱ་ཁྲལ་འགྲོ་ལུགས་བཟོ་རྒྱུ།

༢ ནད་གཅོང་དང༌། དབང་པོ་སྐྱོན་ཅན། འཁོས་དམན་ཉམ་ཐག ཕྲུ་གུ་མང་བས་འཚོ་སྐྱོང་དང༌། ཤེས་ཡོན་སློབ་སྟོན་མ་ཐུབ་པ་བཅས་དངོས་འབྲེལ་ཁྱིམ་འཚོ་མ་ཟིན་པའི་རིགས་ལ་ལམ་སྟོན་སློབ་གསོ་དང༌། དཔལ་འབྱོར་གྱི་རོགས་རམ་སྤྲོད་ཐབས་བྱ་རྒྱུ། གཞན་གྱིས་བྲན་གཡོག་ཏུ་བཀོལ་བ་དང་དཔལ་འབྱོར་གྱི་གནོན་ཤུགས་རིགས་མི་འབྱུང་བའི་འགོག་ཐབས་བྱ་རྒྱུ།

༣ ཁྱད་པར་བོད་མིའི་གཞིས་སྒར་དང༌། འདུས་སྡོད་ཁག་ཁ་འཐོར་དུ་མི་འགྲོ་བའི་ཆེད་སོ་ནམ་ལས་རིགས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང༌། བཟོ་ལས་འཛུགས་སྐྲུན། དེ་དག་གི་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་གཞུང་སྒེར་ཅི་རིགས་ཀྱི་མཉམ་འབྲེལ་དང་ལས་རིགས། ཚོང་ལས་ཀྱི་ཚོགས་སྡེ་གང་དགོས་འཛུགས་རྒྱུ་བཅས།

དོན་ཚན་བཅུ་བདུན་པ། ཤེས་ཡོན་དང་རིག་གཞུང༌།

༡ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་བྱིས་པའི་ཐོབ་ཐང་ལ་བརྩི་སྲུང་ཐོག བོད་མིའི་ཕྲུ་གུ་བཙན་བྱོལ་བ་སློབ་ལོ་སོན་པ་ཚང་མར་གཞི་རིམ་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ།

༢ ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ།

༣ གཞིས་སྒར་སོ་སོའི་ཕྲུ་གུ་རྣམས་ས་གནས་དེ་གའི་ཉིན་སློབ་ཏུ་གནས་ཐབས་དང༌། དགོས་ངེས་རྣམས་སུ་སློབ་ཕྲུག་སྡོད་ཁང་འཛུགས་སྐྲུན་བྱེད་ཐབས།

༤ ཁ་འཐོར་བོད་མིའི་གནས་ཡུལ་བོད་ཀྱི་སློབ་གྲྭ་མེད་རིགས་ཀྱི་ཕྲུ་གུ་འདབས་འབྲེལ་སློབ་ཁག་ཏུ་འཚུད་ཐབས།

༥ སློབ་ཕྲུག་རྣམས་ལ་ཕུགས་ལམ་འདེམས་ཕྱོགས་སློབ་སྟོན་པ་ཁྱད་མཁས་མི་སྣའི་མཐུན་རྐྱེན་སྒྲུབ་ཐབས།

༦ འབྱོར་འཁོས་དྲག་རིགས་ལ་ཕྲུ་གུའི་སློབ་སྦྱོང་མཇུག་སྐྱོང་ཆེད་དགོས་ངེས་སློབ་གྲོན་གཏོང་དགོས་ཀྱི་ལམ་སྟོན་བྱ་རྒྱུ།

༧ ཤེས་སྤྱོད་གཟེངས་ཐོན་ཅན་རྣམས་ལ་དམིགས་བཀར་ལས་རིགས་དང༌། བཟོ་རིག་ལག་རྩལ། མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང༌། སློབ་གྲོན་གཏོང་རྒྱུ་མེད་རིགས་ལ་མཐུན་རྐྱེན་རོགས་རམ་སྤྲོད་ཐབས་བྱ་རྒྱུ།

༨ གཞི་འབྲིང་མཐོ་གསུམ་གྱི་གཞུང་སྒེར་གྱི་གཏན་སློབ་དང་ཉིན་མོའི་སློབ་གྲྭ་ཁག་ཡར་རྒྱས་གཏོང་ཐབས་དང༌། སློབ་ཚན་རྣམས་རིམ་བཞིན་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་འཁྲིད་ཐུབ་ཐབས་བྱ་རྒྱུ་དང༌། ཆོས་ལུགས་རྣམས་དང༌། ལུགས་ཀྱི་བསྟན་བཅོས་དག་ནས་བསྟན་པའི་ཡ་རབས་སྤྱོད་བཟང་གི་བསླབ་བྱ་རྣམས་དམིགས་བསལ་རྩལ་བཏོན་གྱིས་གཞི་རིམ་སློབ་ཚན་དུ་འཇོག་རྒྱུ།

༩ སློབ་རིམ་ཚང་མའི་སློབ་དགེ་རྣམས་སྤྱི་ཚོགས་ནང་མཐོང་ཆེར་བརྩིས་ཏེ་ཤེས་ཡོན་བཟང་ཤོས་ཁག་སློབ་དགེར་འཇུག་ཐབས།

༡༠ རབ་བྱུང་དང༌། གོས་དཀར་ལྕང་ལོ་ཅན་གྱི་བཤད་སྒྲུབ་ཆོས་སྡེ་ཁག་ཚགས་ཚུད་སྤུས་དག་ཡོང་ཐབས་དང༌། དེ་དག་གི་མཐུན་རྐྱེན་ལོག་འཚོས་མ་བསླད་པའི་ཚུལ་མཐུན་ཡོང་ཐབས།

༡༡ ཕྱོགས་འཛིན་མེད་པའི་ྋརྒྱལ་བསྟན་རིས་མེད་ཀྱི་བཞེད་སྲོལ་བཟང་པོ་གོང་མཐོར་སྤེལ་ཐབས།

༡༢ གྲྭ་བཙུན་རྣམས་ལ་ཤེས་ཡོན་དང༌། འཕྲོད་བསྟེན་གྱིས་མཚོན་པའི་འོས་འཚམས་སྤྱི་ཚོགས་ཞབས་འདེགས་ཀྱི་ལས་དོན་ལ་གཞུག་རྒྱུའི་ལམ་སྟོན་དང་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ།

༡༣ བོད་ཀྱི་གནའ་བོའི་རིག་གཞུང་སྤྱི་དང༌། ཟློས་གར། ལྕགས་ཟངས་གསེར་དངུལ་ལྟ་བུའི་རྒྱུ་རིགས་སྣ་ཚོགས་ཀྱི་བརྡུང་ཚག་ལུགས་གསུམ་གྱིས་མཚོན་བཟོ་རིག་དང༌། ལག་རྩལ་རྩ་བརླག་ཏུ་འགྲོ་ཉེན་ཅན་རྣམས་རྒྱུན་འཛིན་དང༌། ཁྱབ་སྤེལ། ལག་རྩལ་མཁས་རིགས་ལ་ལྟ་སྐྱོང་གཟེངས་བསྟོད།

༡༤ ཚན་རིག་གིས་མཚོན་དེང་རབས་ཀྱི་སློབ་ཚན་གལ་ཆེ་རྣམས་དམིགས་བཀར་སློབ་སྟོན་དང༌། ཚན་རིག་དང་སྒྱུ་རྩལ་གྱི་ཉམས་ཞིབ་ལ་མཐུན་འགྱུར་སྒྲུབ་ཐབས་བྱ་རྒྱུ།

༡༥ ཆོས་དང༌། རིག་གཞུང་འཛིན་སྐྱོང་གི་བསྟི་གནས་ཆོས་སྡེ་དང༌། གཙུག་ལག་སློབ་ཁང༌། སློབ་ལས་ཀྱི་སྡེ་ཚན་ཁག་ལ་རྒྱབ་སྐྱོར་མཐུན་རྐྱེན་བསྒྲུབ་རྒྱུ།

༡༦ རྩེད་རིགས་དང༌། ལུས་སྦྱོང་ཡར་རྒྱས་གཏོང་ཐབས་བཅས།

དོན་ཚན་བཅོ་བརྒྱད་པ། འཕྲོད་བསྟེན།

༡ མང་ཚོགས་ཀྱི་འཕྲོད་བསྟེན་ཆེད། གཙང་སྦྲ་དང༌། སྨན་བཅོས་བཅས་ཀྱི་མཐུན་རྐྱེན་འདང་ངེས་ཡར་རྒྱས་གཏོང་རྒྱུ་དང༌། འཁོས་དམན་རྣམས་ལ་རིན་མེད་སྨན་སྦྱིན་སྤྲོད་ཐབས། གཅོང་ནད་དང༌། འགོས་ནད་རིགས་སྔོན་འགོག དམིགས་བསལ་སྨན་བཅོས། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་སྟོན་བཅས་བྱ་རྒྱུ།

༢ ཁྱད་པར་བོད་ཀྱི་གནའ་སྲོལ་སྨན་གྱི་ལག་ལེན་དང༌། སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས།

༣ བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོངས་ཐབས་སུ་ཁྲིམས་ལུགས་ལྟར་ལྟ་རྟོག་སྟངས་འཛིན་བྱ་རྒྱུ།

ལེའུ་བཞི་པ།

སྒྲིག་འཛུགས་ཀྱི་འགན་འཛིན།

དོན་ཚན་བཅུ་དགུ་པ། འགན་འཛིན་དབང་ཆ།

སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་སྲིད་སྐྱོང་ལ་ཡོད་ཅིང༌། བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་སྲིད་སྐྱོང་གིས་ཐད་ཀར་རམ། བཀའ་བློན་རྣམ་པ་དང༌། འགན་འཁུར་ལས་བྱེད་བརྒྱུད་དབང་ལུང་ཁྱབ་བསྒྱུར་བྱ་རྒྱུ། ཁྱད་པར་སྲིད་སྐྱོང་གིས་འཛིན་སྐྱོང་འགན་འཛིན་གྱི་འགན་དབང་ཐོག་ནས།

༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང༌། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།

༢ བྱས་རྗེས་གཟེངས་རྟགས་དང༌། གོ་མིང་བདག་རྐྱེན།

༣ སྤྱི་འཐུས་ལྷན་ཚོགས་སུ་ལས་དོན་སྙན་ཞུ་དང༌། གཏམ་བཤད། གསལ་བཤད་བྱ་རྒྱུ་བཅས།

དོན་ཚན་ཉི་ཤུ་པ། སྲིད་སྐྱོང་དང་། བཀའ་ཤག

སྲིད་སྐྱོང་གི་འགོ་འཁྲིད་འོག་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང། ཆབ་སྲིད་ཀྱི་ལས་དོན་འགན་འཁུར་རྐང་ལེན་བྱེད་པོ་བཀའ་ཤག་ལྷན་ཚོགས་ཤིག་དགོས་པ་ཡིན། བཀའ་ཤག་ཏུ་སྲིད་སྐྱོང་གཅིག་དང་། བཀའ་བློན་བདུན་ལས་མ་མང་བ་ཞིག་དགོས།

དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་ཆོས།

སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི།

༡ བོད་ཀྱི་ཡུལ་མི་ཡིན་པ།

༢ རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ།

༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་སྲིད་སྐྱོང་ངམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།

༧ ཡུན་ཚད་གཉིས་བསྟུད་མར་སྲིད་སྐྱོང་ངམ་བཀའ་བློན་གྱི་ལས་འཁུར་བྱེད་བཞིན་པ་མ་ཡིན་པ།

༨ བཅའ་ཁྲིམས་དོན་ཚན་ ༢༩ པའི་ནང་གསེས་ ༣ པའི་ ཀ དང་ ༤ པ་ལྟར་སྲིད་སྐྱོང་ངམ་བཀའ་བློན་འཕོ་འགྱུར་བྱེད་དགོས་བྱུང་བ་མ་ཡིན་པ།

༩ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༡༠ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༡༡ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ་བཅས།

དོན་ཚན་ཉེར་གཅིག་ཀ་པ། སྲིད་སྐྱོང་གི་འོས་བསྡུ།

སྲིད་སྐྱོང་གི་འོས་བསྡུ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་གཞིར་བཟུང་བོད་ཀྱི་ཡུལ་མི་འོས་འཕེན་གྱི་ཐོབ་ཐང་དང༌། རང་དབང་ཡོད་པ་རྣམས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་འོས་ཐོན་བྱུང་བ་དེས་སྲིད་སྐྱོང་གི་འགན་འཁུར་ལེན་རྒྱུ།

༡ འོས་གཞི་གཉིས་ལ་འོས་གྲངས་འདྲ་མཉམ་ཐོན་ཚེ་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་ཐོན་པའི་འོས་གཞི་གཉིས་ལ་སླར་ཡང་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ།

༢ སྤྱི་འཐུས་སུ་ཞིག་སྲིད་སྐྱོང་དང༌། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། རང་གི་འཐུས་མིའི་ལས་འཁུར་འཁྱུར་དགོས་པ་དང༌། སྒྲིག་འཛུགས་ཀྱི་ལས་བྱེད་སུ་ཞིག་སྲིད་སྐྱོང་དང་བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན་ལས་བྱེད་ནས་རྩ་འཁྱུར་དགོས་པ་ཡིན། འོན་ཀྱང་སྲིད་སྐྱོང་དང་བཀའ་བློན་འཁྱུར་རྗེས་སྔོན་མའི་ཞབས་ལོ་དང་གནས་རིམ་དེའི་རྒས་ཡོལ་ཐོབ་ཐང་ཡོད་རིགས་སྒྲིག་གཞི་ལྟར་འཐོབ་རྒྱུ།

དོན་ཚན་ཉེར་གཉིས་པ། བཀའ་བློན་གྱི་འོས་འདེམས།

འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང༌། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ།

དོན་ཚན་ཉེར་གསུམ་པ། བཀའ་བློན་གྱི་འོས་འདེམས་བྱེད་ཕྱོགས།

བཅའ་ཁྲིམས་དོན་ཚན་ཉེར་གཉིས་པའི་ནང་གསལ་བཀའ་བློན་འོས་འདེམས་བྱེད་དགོས་བྱུང་རིགས་གྲོས་ཚོགས་ཀྱི་ལས་རིམ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྟར་བྱ་རྒྱུ།

དོན་ཚན་ཉེར་བཞི་པ། སྲིད་སྐྱོང་དང་བཀའ་ཤག་གི་ཡུན་ཚད།

བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་སྲིད་སྐྱོང་དང་བཀའ་ཤག་གི་ཡུན་ཚད་ལོ་ལྔ་ཡིན།

དོན་ཚན་ཉེར་ལྔ་པ། སྲིད་སྐྱོང་དང༌། བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག

འདེམས་ཐོན་སྲིད་སྐྱོང་དང༌། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།

དོན་ཚན་ཉེར་དྲུག་པ། སྲིད་སྐྱོང་དང༌། བཀའ་བློན་རྣམས་ཀྱི་ཕོགས་ཐོབ།

སྲིད་སྐྱོང་དང༌། བཀའ་བློན་རྣམས་ཀྱི་ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ལུགས་ལྟར་ལས་ཡུན་རིང་འཐོབ་རྒྱུ།

དོན་ཚན་ཉེར་བདུན་པ། བཀའ་ཤག་ལྷན་རྒྱས།

བཀའ་ཤག་ལྷན་རྒྱས་སྐབས་སྲིད་སྐྱོང་གིས་འགོ་འདོམས་བྱ་རྒྱུ་དང༌། སྲིད་སྐྱོང་མེད་སྐབས་ངོ་ཡོད་བཀའ་བློན་རྣམས་ནས་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་འགོ་འདོམས་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ། རྗེ་བློན་ལྷན་ཚོགས།

ཕྱིར་བསྡུ།

དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འགན་འཁུར་དང༌། འཕོ་འགྱུར།

༡ བཀའ་ཤག་གི་འགན་འཁུར་ནི་སྲིད་སྐྱོང་དང་། བཀའ་བློན་ཚང་མ་མཉམ་འདུས་ཀྱི་འགན་འཁུར་ཡིན་པ་དང༌། བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང༌། དྲི་བར་ལན་འདེབས་བྱེད་དགོས།

༢ བཀའ་བློན་སོ་སོར་འགན་དབང་དང༌། ལས་ཁུངས་ཆ་བགོས་བྱེད་ཕྱོགས་སྲིད་སྐྱོང་གིས་ཐག་གཅོད་བྱ་རྒྱུ།

༣ ཀ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང་། བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས།

ཁ སྲིད་སྐྱོང་དུས་ཆོས་སུ་གྱུར་པ་དང༌། འཕོ་འགྱུར་སོང་ཚེ་བཀའ་ཤག་ཡོངས་རྫོགས་རང་བཞིན་གྱིས་འཕོ་འགྱུར་འགྲོ་རྒྱུ། སྲིད་སྐྱོང་དུས་ཆོས་སུ་གྱུར་ཚེ། བཅའ་ཁྲིམས་དོན་ཚན་ཉེར་གཅིག་ཀ་པ་ནང་གསལ་ལྟར་འོས་འདེམས་མ་བྱུང་བར། བཅའ་ཁྲིམས་དོན་ཚན་ ༢༧ པ་ནང་གསལ་བཞིན་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་སྲིད་སྐྱོང་གི་ལས་ཚབ་གནང་རྒྱུ།

༤ སྲིད་སྐྱོང་གིས་བཀའ་བློན་བྱེ་བྲག་པ་སུ་རུང་དགོངས་ཞུ་བྱེད་དགོས་ཀྱི་བསམ་འཆར་བཏོན་ཚེ་བཀའ་བློན་དེས་ངེས་པར་དུ་དགོངས་པ་ཞུ་དགོས། སྲིད་སྐྱོང་གིས་དེ་འདྲའི་བཀའ་བློན་སུ་ཞིག་དགོངས་པ་ཞུ་དགོས་ཀྱི་བསམ་འཆར་འདོན་དགོས་བྱུང་རྐྱེན་རྒྱུ་མཚན་གྲོས་ཚོགས་འཚོགས་མུས་ཡིན་ན་དེ་རང་དང༌། དེ་མིན་ཚོགས་དུས་རྗེས་མར་གསལ་བཤད་ཞུ་དགོས།

༥ བཀའ་ཤག་འཕོ་འགྱུར་བྱུང་བ་ཡིན་ན། འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཉིན་ནས་ཉིན་གྲངས་ ༡༢༠ ནང་ཚུན་སྲིད་སྐྱོང་གི་འོས་བསྡུ་དང་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱེད་དགོས། བཀའ་བློན་བྱེ་བྲག་པ་འཕོ་འགྱུར་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་མུས་ཡིན་ན་ཚོགས་དུས་དེ་གའི་ནང་དང༌། དེ་མིན་ཚོགས་དུས་རྗེས་མའི་ནང་སྲིད་སྐྱོང་གིས་ཚབ་གསར་བཅའ་ཁྲིམས་དོན་ཚན་ ༢༢ པ་ནང་གསལ་བཞིན་མིང་འདོན་བྱེད་དགོས།

༦ བཀའ་ཤག་གི་ཡུན་ཚད་རྫོགས་མཚམས་སྲིད་སྐྱོང་གསར་པའི་དམ་འབུལ་མ་ཟིན་བར་རྙིང་པས་ལས་འཁུར་རྒྱུན་སྐྱོང་བྱེད་དགོས། དོན་ཚན་འདིའི་ནང་གསེས་ ༣ པ་དང་ ༤ པ་བཅས་ཀྱི་འོག་བཀའ་བློན་བྱེ་བྲག་པ་ཞིག་འཕོ་འགྱུར་བྱུང་ཚེ་དེས་འཕྲལ་དུ་ལས་འཁུར་མཚམས་འཇོག་བྱེད་དགོས། བཀའ་ཤག་ཆ་ཚང་འཕོ་འགྱུར་བྱུང་ཚེ་སྲིད་སྐྱོང་གསར་པའི་དམ་འབུལ་མ་ཟིན་བར་ལས་འཁུར་རྒྱུན་སྐྱོང་བྱེད་དགོས། འོན་ཀྱང་བར་བརྒལ་གྱི་དུས་ཡུན་དེའི་རིང་འཆར་ཅན་བྱེད་སྒོ་ཙམ་ལས་སྲིད་བྱུས་དང་འབྲེལ་བའི་ཐག་གཅོད་གསར་པའི་རིགས་བྱེད་མི་ཆོག

དོན་ཚན་སུམ་ཅུ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས།

སྒྲིག་འཛུགས་ཀྱི་ལས་དོན་ཐམས་ཅད་སྲིད་སྐྱོང་གི་མིང་ཐོག་ནས་བྱ་རྒྱུ་དང༌། འཛིན་སྐྱོང་གི་ལས་དོན་བྱེད་བདེ་དང༌། ལས་དོན་ཐག་གཅོད་བྱེད་ཕྱོགས། སྲིད་སྐྱོང་དང༌། བཀའ་བློན་རྣམས་ཀྱིས་བཀའ་ཤག་དང༌། རང་འཁྲིའི་ལས་ཁུངས་ཀྱི་ལས་འགན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་ཤག་ནས་སྒྲིག་གཞི་ཞིབ་གསལ་བཀོད་དེ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་ལ་རྩ་འཛིན་བྱ་རྒྱུ།

དོན་ཚན་སོ་གཅིག་པ། སྡེ་སྲིད་ལྷན་ཚོགས།

ཕྱིར་བསྡུ།

དོན་ཚན་སོ་གཉིས་པ། སྡེ་སྲིད་ལྷན་ཚོགས་ཀྱི་ཁྲི་པ།

ཕྱིར་བསྡུ།

དོན་ཚན་སོ་གསུམ་པ། སྡེ་སྲིད་ལྷན་ཚོགས་ཀྱི་འགན་དབང༌།

ཕྱིར་བསྡུ།

དོན་ཚན་སོ་བཞི་པ། སྡེ་སྲིད་འཕོ་འགྱུར།

ཕྱིར་བསྡུ།

དོན་ཚན་སོ་ལྔ་པ། སྡེ་སྲིད་ཀྱི་ཡུན་ཚད་དང༌། ཕོགས་ཐོབ།

ཕྱིར་བསྡུ།

ལེའུ་ལྔ་པ།

ཁྲིམས་བཟོའི་དབང་འཛིན།

དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ།

ཁྲིམས་ལུགས་བཟོ་འགོད་དང༌། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང༌། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།

དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ།

༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།

ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།

ག བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

ང ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།

ཅ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག

༢ གོང་གསལ་ ༡ ནང་གསལ་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེའི་ནང་ནས་ཉུང་མཐར་བུད་མེད་གཉིས་རེ་དགོས་པ་ཡིན།

༣ སྤྱི་འཐུས་ལྷན་ཚོགས་ཀྱིས་དགོས་གལ་གཟིགས་མཚམས་ས་ཁུལ་གྱི་སྤྱི་འཐུས་ས་ཁོངས་སྤར་འཐུས།

དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས།

སྤྱི་འཐུས་ཀྱི་འོས་གཞིར་གཞུག་པ་ལ།

༡ བོད་ཀྱི་ཡུལ་མི་ཡིན་པ།

༢ རང་ལོ་ ༢༥ ཧྲིལ་པོ་ལོན་པ།

༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

༦ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།

༧ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།

༩ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ་བཅས།

དོན་ཚན་སོ་དགུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད།

སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་རེའི་ཡུན་ཚད་ལོ་ལྔ་རེ་ཡིན།

དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།

འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།

དོན་ཚན་ཞེ་གཅིག་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ།

བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན་ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་འཐུས།

དོན་ཚན་ཞེ་གཉིས་པ། སྤྱི་འཐུས་ཀྱི་རྒྱུན་ལས།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང༌། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ།

༢ རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང༌། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།

དོན་ཚན་ཞེ་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར་ྋགོང་ས་མཆོག་གི་གསུང་བཤད་དང་གསུང་འཕྲིན།

ཕྱིར་བསྡུ།

དོན་ཚན་ཞེ་བཞི་པ། སྲིད་སྐྱོང་དང་། བཀའ་བློན་རྣམས་ཚོགས་ཞུགས་ཆོག་པའི་ཐོབ་ཐང༌།

སྲིད་སྐྱོང་དང་། བཀའ་བློན་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང༌། རྒྱུན་ལས་ཀྱི་ཚོགས་འདུར་ཞུགས་པ་དང༌། གསུང་བཤད། བགྲོ་གླེང༌། གྲོས་འཆར་འདོན་པ་བཅས་བྱ་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་འོས་བསྡུའི་ཐོབ་ཐང་མེད།

དོན་ཚན་ཞེ་ལྔ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ།

༡ སྤྱི་འཐུས་སྐབས་སོ་སོའི་ཚོགས་ཐེངས་དང་པོའི་ཐོག་སྤྱི་འཐུས་རང་ཁོངས་ནས་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་སྒྲིག་གཞི་ལྟར་གསང་བའི་ཐོག་ནས་འོས་བསྡུ་བྱེད་དགོས།

༢ ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་འོས་བསྡུ་ཟིན་འཕྲལ་ལས་དོན་དུ་མ་ཞུགས་གོང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་ཞུ་དགོས།

༣ ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་སུ་རུང་སྤྱི་འཐུས་ནས་བུད་པའམ། ཡང་ན་ཚོགས་གཙོའམ། ཚོགས་གཙོ་གཞོན་པ་འཕོ་འགྱུར་དགོས་པའི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྲོས་ཆོད་བྱུང་ན། དེ་ཉིན་ནས་རང་གི་ལས་འཁུར་བཤོལ་དགོས།

༤ ལྷན་ཚོགས་སུ་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་སུ་རུང་འཕོ་འགྱུར་བྱེད་དགོས་སྐོར་གྲོས་བསྡུར་བྱུང་བ་ཡིན་ན་དེའི་རིང་རང་ཉིད་ནས་གཙོ་སྐྱོང་བྱེད་མི་ཆོག

༥ དགོངས་ཞུས་སམ་འཕོ་འགྱུར། དུས་ཆོས་སུ་གྱུར་པ་བཅས་ཀྱིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་གོ་ཡུལ་སྟོང་པ་ནམ་བྱུང་ལ་གང་མྱུར་ཚབ་གསར་སྒྲིག་གཞི་ལྟར་འོས་བསྡུ་བྱེད་དགོས།

དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌།

༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག

༢ སྤྱི་འཐུས་ལ་དམིགས་བསལ་ཐོབ་ཐང་གཞན་དག་སྤྱི་འཐུས་ལྷན་ཚོགས་རང་ནས་སྐབས་སྦྱར་ཁྲིམས་ལུགས་བཟོ་རྒྱུ།

དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་འབུལ།

འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས།

དོན་ཚན་ཞེ་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ།

བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་བའི་དོན་གནད་རྣམས་ཕུད། དེ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ། འོས་ཤོག་འདྲ་མཉམ་བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕྱོགས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱེད་འཐུས།

དོན་ཚན་ཞེ་དགུ་པ། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད།

༡ སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།

༢ སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།

༣ སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་གང་རུང་གི་ས་ཡུལ་སྟོང་པ་ཡོད་པའམ། ཡང་ན་སྤྱི་འཐུས་མིན་པའི་མི་ཞིག་ཚོགས་ཞུགས་བྱས་པ་དང༌། འོས་བསྡུ་བྱས་པའི་གནས་ཚུལ་རྗེས་སུ་ཤེས་རྟོགས་བྱུང་ཡང་ལས་དོན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱིས་ཇི་ལྟར་ཐག་བཅད་ཟིན་པ་དེ་དོན་རྩ་འཛིན་བྱ་རྒྱུ། འོན་ཀྱང་ཐོབ་ཐང་མེད་པར་ཚོགས་ཞུགས་འོས་བསྡུ་བྱས་རིགས་ཀྱི་སྐྱེ་བོ་སུ་རུང་སླད་སྤྱི་འཐུས་ཀྱི་འོས་གཞིར་མི་འོས།

དོན་ཚན་ལྔ་བཅུ་པ། སྤྱི་འཐུས་ཀྱི་མཚན་མཐོང་དོད་དང༌། ཉིན་རེའི་ལས་དོད།

སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ལ་མཚན་མཐོང་དོད་དང༌། ཉིན་རེའི་ལས་དོད་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ལུགས་ལྟར་སྤྱི་འཐུས་དམ་བཅའ་ཕུལ་ཉིན་ནས་མ་འཁྱུར་བར་འཐོབ་རྒྱུའི་ཐོབ་ཐང་ཡོད།

དོན་ཚན་ང་གཅིག་པ། ཁྲིམས་ཡིག་འཆར་ཟིན་འགོད་འབུལ་དང༌། གཏན་འབེབས།

༡ སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་རྒྱབ་གཉེར་མེད་པར་དཔྱ་ཁྲལ་འགེལ་བའམ། འཕྲལ་སེལ་ཆག་ཡང༌། རྩ་ཆག བསྒྱུར་བཀོད། ཡང་ན་ཁྲལ་འབབ་གང་རུང་གི་སྒྲིག་གཞི་དང༌། སྒྲིག་འཛུགས་ཀྱི་དངུལ་བུན་ལེན་པའམ། འགན་ལེན་བྱེད་ཕྱོགས་སྐོར་དང་འབྲེལ་བའི་ཁྲིམས་ཡིག་འཆར་ཟིན་རིགས་འགོད་འབུལ་མི་ཆོག འོན་ཀྱང་འགོད་འབུལ་ཟིན་པའི་ཁྲིམས་ཡིག་འཆར་གསལ་ཁྲལ་འབབ་གང་རུང་འཕར་ཆག་གམ། ཆག་ཡང་གི་དོན་གནད་སྐོར་ལ་བཟོ་བཅོས་བྱ་རྒྱུར་བཀའ་ཤག་གི་རྒྱབ་གཉེར་དགོས་པ་མ་ཡིན།

༢ ཁྲིམས་ཡིག་འཆར་ཟིན་གང་ཞིག་ཁྲིམས་དོན་ལག་བསྟར་སྐབས་གཞུང་གྲོན་འབྱུང་གཞིའི་རིགས་བཀའ་ཤག་གི་རྒྱབ་གཉེར་མེད་པར་གཏན་འབེབས་མི་ཆོག

༣ གོང་གསལ་དོན་ཚན་ཁག་ཕུད། སྤྱི་འཐུས་ལྷན་ཚོགས་སམ། སྤྱི་འཐུས་སུ་རུང་ནས་ཁྲིམས་ཡིག་འཆར་ཟིན་དང༌། གྲོས་ཆོད་འཆར་ཟིན་གང་ཡང་འགོད་འབུལ་དང༌། དེ་དག་ལ་བཟོ་བཅོས་དགོས་པའི་བསམ་འཆར་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་ལྟར་གཏོང་རྒྱུའི་ཐོབ་ཐང་ཡོད།

༤ ཁྲིམས་ཡིག་འཆར་ཟིན་དང༌། གྲོས་ཆོད་འཆར་ཟིན་གང་ཡང་རུང་བར་ལྷན་ཚོགས་སུ་གོ་བསྡུར་བྱེད་འོས་མིན་དགོས་གལ་བྱུང་ན་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་བྱ་རྒྱུར་གཏོང་འཐུས།

དོན་ཚན་ང་གཉིས་པ། སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས།

༡ བཀའ་ཤག་ནས་ལོ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་སྒྲིག་འཛུགས་དང༌། སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཡོངས་རྫོགས་ཀྱི་དངུལ་རྩིས་འཆར་ལོའི་ཡོང་འབབ་ཇི་ཡོད་དང༌། འགྲོ་སོང་གཏོང་འཆར་ཇི་ཡོད་ཟུར་འཇོག་དང་འཚེམས་ལུས་མེད་པའི་ལོ་འཁོར་སྔོན་རྩིས་འགོད་འབུལ་བྱེད་དགོས། ལོ་འཁོར་སྔོན་རྩིས་ནང་གཞུང་གྲོན་རྣམས་གཤམ་གསལ་སྡེ་ཚན་གཉིས་སུ་དབྱེ་དགོས།

ཀ སྒྲིག་འཛུགས་ཀྱི་ཡོང་འབབ་ཐོག་ནས་གཤམ་གསལ་ཨང་ ༢ པའི་ནང་འཁོད་ངེས་ཅན་གྱི་འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་དང༌།

ཁ དེ་མིན་སྒྲིག་འཛུགས་ཀྱི་ཡོང་འབབ་ཐོག་ནས་གཏོང་འོས་ཀྱི་འགྲོ་གྲོན་འཆར་གཞི་གཞན་དག་གི་དངུལ་འབོར་བཅས།

༢ གོང་གསལ་ ཀ པའི་ཁོངས་སྒྲིག་འཛུགས་ཀྱི་ཡོང་འབབ་ནས་གཏོང་དགོས་ངེས་ཅན་གྱི་འགྲོ་གྲོན་ཁག་གཤམ་གསལ།

ཀ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་ཉེན་སྲུང་གཙོས་འགྲོ་གྲོན་ཁག

ཁ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་མཚན་དོད་དང༌། ལས་དོད།

ག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་དང༌། ཟུར་ ཕོགས། ལས་ཐོན་ཐོབ་ཐང་ཁག

ང སྒྲིག་འཛུགས་ལ་འཁྲི་བའི་བུན་སེལ་དམིགས་ཡུལ་དང༌། མ་དངུལ་སྐྱེད་འབབ་བཅས།

༣ གོང་གསལ་ངེས་ཅན་གྱི་འགྲོ་གྲོན་རྣམས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ཐོག་ནས་ཐག་གཅོད་བྱེད་དགོས་མེད། འོན་ཀྱང་ལྷན་ཚོགས་སུ་གྲོས་བསྡུར་བྱ་རྒྱུར་དགག་ཆ་མེད།

༤ གོང་གསལ་ལེ་ཚན་དང་པོའི་ཁ་པ་ནང་གསལ་དངུལ་གྱི་འགྲོ་སོང་དགོས་རིགས་ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྔོན་རྩིས་ཀྱི་སྒྲིག་གཞི་ལྟར་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་དགོས་ཤིང༌། ལྷན་ཚོགས་ནས་བཀའ་འཁྲོལ་དང༌། གཅོག་འཕྲི། འཆར་གཞི་ཕྱིར་སློག་བཅས་ཇི་འོས་ཐག་གཅོད་བྱ་རྒྱུ།

དོན་ཚན་ང་གསུམ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྒྲིག་གཞི།

བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཟོས་ཏེ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་དེ་དོན་རྩ་འཛིན་ལག་ལེན་བསྟར་རྒྱུ།

དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག

དོན་ཚན་ང་ལྔ་པ། ཁྲིམས་ལུགས་གཏན་འབེབས།

ཁྲིམས་ཡིག་དང༌། སྒྲིག་གཞི་རྣམས་ཀྱི་འཆར་ཟིན་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བར་སྲིད་སྐྱོང་གིས་ལས་ཉིན་བཅུ་བཞིའི་ནང་ཚུན་ཆོག་མཆན་མིང་རྟགས་འགོད་དགོས།

དོན་ཚན་ང་དྲུག་པ། མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ།

བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱུང་ན། དབུས་འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་རྩོམ་ཆོག་ཅིང༌། མང་མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུན་སྲིད་སྐྱོང་གིས་མང་མོས་བྱུང་བའི་ཚད་འཛིན་དང་མིང་རྟགས་བཀོད་དེ་གསལ་བསྒྲགས་བྱ་རྒྱུ།

དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར།

༡ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས།

༢ དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ།

གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་ནང་ཚུན་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་འགྱངས་བྱེད་འཐུས་དང༌། སྤྱི་འཐུས་ལྷན་ཚོགས་འཚོགས་བཞིན་པ་ཡིན་ན་དེ་ཐོག་དང༌། དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་བཀའ་འཁྲོལ་ཞུ་དགོས་ཤིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་ངེས་པར་ཟིན་པ་དགོས།

དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག

༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།

དོན་ཚན་ང་དགུ་པ། དམིགས་བསལ་ཚོགས་ཆེན།

༡ ཛ་དྲག་དང༌། གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་ཀྱི་གནས་ཚུལ་བྱུང་སྐབས་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་གྱིས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་བྱེད་འཐུས།

༢ ཚོགས་ཆེན་འདི་རིགས་ཀྱི་ཚོགས་མིའི་ཡོང་ཁུངས་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ཀྱི་ཐོག སྐབས་བསྟུན་ཚོགས་འཐུས་ཇི་དགོས་དང༌། ཚོགས་འདུའི་གྲོས་གཞི། ཚོགས་དུས་དང༌། འཚོགས་ཡུལ་བཅས་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་སམ། ཡང་ན་བཀའ་ཤག་དང༌། རྒྱུན་ལས་ཀྱིས་གཏན་འབེབས་བྱ་རྒྱུ།

༣ ཚོགས་མིའི་ཡོང་ཁུངས་དང༌། གྲོས་གཞི། ཚོགས་དུས། འཚོགས་ཡུལ་བཅས་གཏན་འབེབས་ཟིན་འཕྲལ་ཚོགས་དྲུང་ལས་ཁུངས་ཀྱིས་ཚོགས་འདུ་ཚོགས་ཚེས་ཀྱི་ཉིན་གྲངས་ ༤༥ ཡི་སྔོན་དུ་བརྡ་ཁྱབ་གཏོང་དགོས།

དོན་ཚན་དྲུག་ཅུ་པ། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང༌།

༡ བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་གང་སར་བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་རེ་དགོས་པར་སྒྲིག་གཞི་གཞིར་བཟུང་ས་གནས་མི་མང་ནས་འོས་བསྡུ་བྱས་པའི་ཚོགས་མི་གསུམ་ལས་མི་ཉུང་ཞིང༌། བཅུ་གཅིག་ལས་མ་མང་བ་རེ་དགོས། སྤྱི་འཐུས་ལྷན་ཚོགས་དང༌། ས་གནས་ཚོགས་ཆུང་དབར་ཐད་ཀའི་འབྲེལ་ལམ་ཐོག་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མིའི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་ཕྱོགས་ལ་སྨན་པའི་ལས་དོན་བསྒྲུབ་རྒྱུ།

༢ ས་གནས་ཚོགས་ཆུང་གསར་འཛུགས་དང༌། ཕྱིར་བསྡུ། ཟླ་སྒྲིལ་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་བྱ་རྒྱུ།

༣ ས་གནས་ཚོགས་ཆུང་ཁག་གི་སྒྲིག་འཛུགས་དང༌། ལས་དོན་བྱེད་ཕྱོགས། དཔྱ་ཁྲལ་བསྡུ་འབུལ་ལ་ཞིབ་འཇུག་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་ལྟ་སྐྱོང་འོག་བྱ་རྒྱུ་བཅས།

༤ གོང་གསལ་ནང་གསེས་ ༡ ནང་གསལ་སྒྲིག་གཞི་གཞིར་བཟུང་ཚོགས་ཆུང་འཛུགས་མི་ཐུབ་པའི་རིགས་ལ་ད་མུས་སྒྲིག་འཛུགས་ཇི་ཡོད་གནས་འཐུས་སྤྱི་ལྷན་ནས་དམིགས་བསལ་ཆོག་མཆན་གནང་འཐུས།

དོན་ཚན་རེ་གཅིག་པ། ཚོགས་དྲུང་ལས་ཁུངས།

སྤྱི་འཐུས་ལྷན་ཚོགས་ལ་གཏན་འཇགས་ཚོགས་དྲུང་ལས་ཁུངས་ཤིག་དགོས་པར་སྤྱི་ཁྱབ་དྲུང་ཆེ་གཅིག་དང༌། ལས་བྱེད་ཇི་དགོས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པས་བཀའ་ཤག་དང་གོ་བསྡུར་གྱིས་ལས་བྱེད་སྒྲིག་སྲོལ་ལྟར་བསྐོ་གཞག་བྱ་རྒྱུ།

དོན་ཚན་རེ་གཅིག་ཀ་པ། ཁྲིམས་དོན་ལས་ཁུངས།

སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ལྟ་སྐྱོང་འོག་ཁྲིམས་དོན་ལས་ཁུངས་ཤིག་འཛུགས་ཆོག་པ་དང༌། ལས་ཁུངས་འདི་ནས་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། བཀའ་བློན་བྱེ་བྲག་པ་དང༌། སྤྱི་འཐུས་བྱེ་བྲག་པ་སོ་སོ་བཅས་ལ་ཁྲིམས་ཡིག་འཆར་ཟིན་བཟོ་འགོད་དང་ཁྲིམས་དོན་དང་འབྲེལ་བའི་ལས་དོན་ཁག་ལ་རྒྱུས་སྟོན་བྱ་རྒྱུ།

ལེའུ་དྲུག་པ།

ཁྲིམས་ལུགས་དབང་འཛིན།

དོན་ཚན་རེ་གཉིས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང༌།

བོད་མིའི་སྒྲིག་འཛུགས་དང༌། མི་མང་གི་གནས་སྐབས་དམིགས་བསལ་དགོས་མཁོ་དང་འཚམས་པའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཞིག་དགོས་པ་དང༌། ཁྲིམས་ཞིབ་ཁང་དེའི་ནང་ཁྲིམས་ཞིབ་པ་ཆེ་བ་གཅིག་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པའི་གྲངས་སྤར་དགོས་པའི་ཁྲིམས་ལུགས་མ་བཟོས་བར་ཁྲིམས་ཞིབ་པ་གཞན་གཉིས་བཅས་དགོས་པ་ཡིན།

དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།

༡ ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི།

ཀ བོད་ཀྱི་ཡུལ་མི་ཡིན་པ་དང༌།

ཁ རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན།

ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས།

༣ ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་ལས་འཁུར་དུ་མ་ཞུགས་གོང་འཁྱུར་ཉེའི་ཁྲིམས་ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ལས་འཁུར་དུ་མ་ཞུགས་པའི་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས།

༤ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།

༥ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་ལས་འཁུར་ནས་རྒས་ཡོལ་ཐོན་པའམ་འཕོ་འགྱུར་བྱས་པའི་སྐྱེ་བོ་སུ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་གཞུག་མི་ཆོག

༦ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་གསེང་ཞུ་དགོས་བྱུང་རིགས་ལ་ལས་ཚབ་བཅའ་ཁྲིམས་དོན་ཚན་ ༦༧ པའི་འོག་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱ་རྒྱུ།

དོན་ཚན་རེ་བཞི་པ། བཤེར་དཔང༌།

༡ ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཁྲིམས་ཞིབ་ལས་དོན་ལ་མཐུན་འགྱུར་ཆེད་ཚོགས་མི་གསུམ་ལས་མི་མང་བའི་བཤེར་དཔང་ལྷན་ཚོགས་ཤིག་དགོས་གལ་བྱུང་ན་འཛུགས་ཆོག དེའི་ཚོགས་མི་རྣམས་བཀའ་ཤག་ལ་གོ་བསྡུར་ཐོག་ཁྲིམས་ཞིབ་པ་ཆེ་བས་བསྐོ་གཞག་བྱ་རྒྱུ། བཤེར་དཔང་གསུམ་གྱི་ནང་ནས་གཉིས་ལས་མ་ཉུང་བ་ཚད་ལྡན་མཐོ་སློབ་ཅིག་ནས་ཁྲིམས་རྩོད་པའི་ལག་ཁྱེར་ཐོན་པ་དགོས། བཤེར་དཔང་ལྷན་ཚོགས་ཀྱི་ཚོགས་མིའི་ལས་རྒྱུན་ལོ་གསུམ་ལས་མི་མང་བ་ཡིན། འོན་ཀྱང་མུ་མཐུད་བསྐྱར་དུ་བསྐོ་གཞག་བྱ་རྒྱུར་དགག་ཆ་མེད།

༢ གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་ནམ་བྱུང་མཚམས་བཤེར་དཔང་གསུམ་ཐོག་གྱོད་གཞིའི་གནད་དོན་ཐོག་ཉམས་མྱོང་ཡོད་པའི་གཟུ་དཔང་ཚོགས་མི་དགུ་ལས་མ་བརྒལ་བ་ཁྲིམས་ཞིབ་པ་ཆེ་བས་ཐད་ཀར་སྐབས་སོ་སོར་བསྐོ་གཞག་བྱེད་ཆོག

དོན་ཚན་རེ་ལྔ་པ། ཆེས་མཐོའི་ཁྲིམས་ཞིབ་པའི་ཕོགས་ཐོབ།

༡ ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་ཇི་བྱས་ལྟར་འཐོབ་རྒྱུ།

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཐོབ་ཐང་བཅས་ལ་གནོད་སྐྱོན་འགྲོ་བའི་བསྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག

དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།

༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།

༢ བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེར།

ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང༌།

ཁ བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང༌། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང༌།

ག བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གི་ལས་དོན་དང༌། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌།

ང བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང༌།

ཅ བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང༌། སྤྱི་ཚོགས་ཀྱི་བདེ་འཇགས།

ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང༌།

ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང༌། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང༌། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།

དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི།

བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།

དོན་ཚན་རེ་བརྒྱད་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསམ་འཆར་བཞེས་འབུལ།

ཕྱིར་བསྡུ།

དོན་ཚན་རེ་དགུ་པ། ཁྲིམས་ཞིབ་ཁང་འོག་མ་ཁག

༡ ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་སོ་སོའི་འགོ་འཛིན་ཁག་དང༌། དེ་མིན་ལས་བྱེད་དང༌། སྐྱེ་བོ་སུ་འོས་ལ་ཁྲིམས་ཞིབ་ཀྱི་དབང་ཆ་སྤྲད་དེ་གཏན་འཇགས་དང༌། འཕྲལ་སེལ། ཡང་ན་སྐོར་བསྐྱོད་བཅས་ཀྱི་ཁྲིམས་ཞིབ་ཁང་འོག་མའི་ལས་དོན་སྐབས་བསྟུན་གྱིས་སྒྲུབ་ཆོག་པ་ཡིན།

༢ ཁྲིམས་ཞིབ་ཁང་འོག་མ་ཁག་གི་ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་སོ་སོར་དགོས་གལ་དང་བསྟུན་པའི་བཤེར་དཔང་དང༌། གཟུ་དཔང་ཚོགས་མི་ཇི་དགོས་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་ཁྲིམས་ཞིབ་པ་གཞན་གཉིས་ལ་གོ་བསྡུར་གྱིས་བསྐོ་གཞག་བྱ་རྒྱུ།

དོན་ཚན་བདུན་ཅུ་པ། ཁྲིམས་དོན་ལས་ཁུངས།

ཕྱིར་བསྡུ།

ལེའུ་བདུན་པ།

བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས།

དོན་ཚན་དོན་གཅིག་པ། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་གནས་སྡོད་བོད་མིའི་སྒྲིག་འཛུགས་གཤམ་གསལ།

༡ སོ་ནམ་གཞིས་སྒར།

༢ བཟོ་ལས་གཞིས་སྒར་དང༌། བཟོ་ལས་མཉམ་འབྲེལ་ཁག

༣ ཆོས་སྡེ་ཁག

༤ སློབ་གྲྭ་དང༌། སློབ་གཉེར་ཁང་ཁག

༥ རང་འཚོ་འདུས་སྡོད།

༦ ཁ་འཐོར་གནས་སྡོད།

༧ དེ་མིན་བོད་མི་གནས་ཡུལ་གཞན་དག་བཅས།

དོན་ཚན་དོན་གཉིས་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས།

ས་གནས་སོ་སོར་འགོ་འཛིན་དང༌། ས་གནས་ཆེ་སར་འགོ་འཛིན་ལས་རོགས་རེ་དགོས་པ་ནི།

༡ བཅའ་ཁྲིམས་དོན་ཚན་ ༡༡ པ་དང་ ༣༨ པ་ནང་འཁོད་ལྟར་གྱི་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཁོངས་གཏོགས་བོད་མི་སེར་སྐྱ་ཕོ་མོ་ཡོངས་ལ་ས་གནས་འགོ་འཛིན་གྱི་འོས་གཞིར་གཞུག་པ་དང༌། འོས་འདེམས་བྱེད་པའི་ཐོབ་ཐང་ཡོད། འོན་ཀྱང་སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན།

༢ འགོ་འཛིན་ལས་རོགས་དགོས་ངེས་ཁག་ལ་མང་ཚོགས་ནས་ཐད་ཀའི་འོས་བསྡུ་བྱེད་མ་དགོས་པར། ས་གནས་འཐུས་མིའི་ཚོགས་འདུ་ནས་འོས་བསྡུ་བྱེད་ཆོག་པ་དང༌། འདེམས་ཐོན་ཡོང་བ་ལ་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་མོས་མཐུན་དགོས་པ་ཡིན།

དོན་ཚན་དོན་གསུམ་པ། ས་གནས་འགོ་འཛིན་འོས་འདེམས།

༡ ས་གནས་རང་ཁོངས་མི་མང་ནས་སྔོན་འགྲོའི་འོས་དམིགས་རེ་འདེམས་དགོས་པ་ཡིན།

༢ འོས་ཤོག་མང་ཐོན་རྩེ་བཏོག་གིས་འོས་གཞི་མི་གྲངས་གཉིས་འདེམས་བསྒྲུགས་ཀྱིས་མཐའ་མའི་འོས་ཤོག་འཕེན་དགོས་པ་ཡིན།

༣ ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་མི་སུ་རུང་དང༌། ས་གནས་རང་ཁོངས་ལས་བྱེད་སུ་རུང་འགོ་འཛིན་དང༌། འགོ་འཛིན་ལས་རོགས་སུ་འདེམས་ཐོན་བྱུང་བ་ཡིན་ན་རང་གི་ལས་འཁུར་བཤོལ་དགོས་པ་ཡིན།

དོན་ཚན་དོན་བཞི་པ། དབུས་ནས་བསྐོས་པའི་འགོ་འཛིན་དང༌། ལས་རོགས།

༡ མི་མང་རང་ཁོངས་ཆ་རྐྱེན་མ་ཚང་བའམ། མང་ཚོགས་ཀྱིས་སྔ་འཕྲོས་འོས་བསྡུ་བྱ་རྒྱུར་འདོད་བབ་མེད་པའི་གནས་ཚུལ་བྱུང་བ།

༢ ས་གནས་ནས་འོས་བསྡུ་བྱས་པའི་འགོ་འཛིན་དེས་ལས་འགན་ཇི་བཞིན་མ་ཐེག་པའམ། ཡང་ན་མང་མོས་མེད་པའི་གནས་ཚུལ་བྱུང་བ་དང་། ཚབ་གསར་ཡང་མང་ཚོགས་རང་ཁོངས་ནས་འོས་བསྡུ་བྱ་རྒྱུར་བློ་མོས་མ་བྱུང་བ་བཅས་བྱུང་ཚེ་འགོ་འཛིན་དང། འགོ་འཛིན་ལས་རོགས་གཉིས་ཀའམ། སུ་རུང་དབུས་ནས་བསྐོ་གཏོང་དགོས་པ་ཡིན།

དོན་ཚན་དོན་ལྔ་པ། དབུས་ནས་བསྐོས་པའི་འགོ་འཛིན་བརྗེ་ལེན།

ས་གནས་གང་ཞིག་ཏུ་དབུས་ནས་བསྐོས་པའི་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཡོད་བཞིན་པར། ས་གནས་མང་ཚོགས་ཀྱི་ཁོངས་ནས་འགོ་འཛིན་གྱི་ཁྱད་ཆོས་ལྡན་པ་ཐོན་མཚམས་ས་གནས་འཐུས་མིའི་ཚོགས་འདུ་ནས་སྙན་ཤོག་འབྱོར་ཚེ་ཞིབ་འཇུག་དང་འབྲེལ་དབུས་ནས་བསྐོས་པའི་འགོ་འཛིན་བརྗེ་ལེན་བྱེད་དགོས།

དོན་ཚན་དོན་དྲུག་པ། འོས་འདེམས་བྱས་པའི་འགོ་འཛིན་གྱི་ལས་འཁུར་ཡུན་ཚད།

༡ སྒྲིག་གཞི་དོན་ཚན་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་དེ་མིན་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་ཡུན་ཚད་ལོ་གསུམ་རེ་ཡིན།

༢ བཅའ་ཁྲིམས་ཀྱི་དོན་ཚན་ ༩༡ པ་ནང་གསལ་འཕོ་འགྱུར་གཏོང་དགོས་བྱུང་ན་མ་གཏོགས། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་སུའང་བསྐྱར་དུ་འོས་འདེམས་བྱུང་བར་དགག་ཆ་མེད།

དོན་ཚན་དོན་བདུན་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་ལས་འགན།

༡ ས་གནས་སོ་སོའི་འཛིན་སྐྱོང་གི་ལས་དོན་བྱེད་སྒོ་ཆེ་ཕྲ་མཐའ་དག

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསྐུར་བའི་ཁྲིམས་ཞིབ་ལས་འཁུར།

༣ ས་གནས་བོད་མི་ནང་ཁུལ་དང༌། བོད་མི་དང་ས་གནས་ཡུལ་མིའི་དབར་ཞི་མཐུན་མཉམ་གནས། བདེ་འཇགས་བརྟན་སྲུང་ཡོང་ཆེད་ས་གནས་ཡུལ་ཁྲིམས་ལ་བརྩི་སྲུང་དང་ཡུལ་མིའི་གོམས་སྲོལ་ལ་བརྩི་བཀུར།

༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། བཀའ་ཤག འབྲེལ་ཡོད་ལས་ཁུངས་ཀྱིས་མཚོན་དབུས་ཀྱི་ལས་ཁུངས་ཁག་གིས་བསྐུར་བའི་བྱེད་སྒོ་ཁག

༥ གཞན་ཡང་མང་ཚོགས་ཀྱི་ཆེད་སྐབས་བསྟུན་སྒྲུབ་འོས་ཀྱི་ལས་དོན་རིགས་སྒྲིག་གཞི་ལྟར་རྩ་འཛིན་ལག་ལེན་བསྟར་རྒྱུ་བཅས།

དོན་ཚན་དོན་བརྒྱད་པ། ས་གནས་འཐུས་མིའི་ཚོགས་འདུ།

༡ བོད་མིའི་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་དགོས།

༢ ཀ འཐུས་མིའི་ཡོང་ཁུངས་ནི། ས་གནས་རང་ཁོངས་སེར་སྐྱ་ཕོ་མོ་ཚང་མ་བཅའ་ཁྲིམས་དོན་ཚན་ ༡༡ པ་དང་ ༣༨ པ་ནང་གསལ་ལྟར་འོས་བསྡུ་དང་འོས་གཞིར་གཞུག་པའི་ཐོབ་ཐང་ཡོད།

ཁ གོང་གསལ་ ཀ པའི་དགོངས་དོན་ཕེབས་མ་ཐུབ་པའི་ས་ཁུལ་ཁག་ཏུ་གཞིས་གྲོང་དང་། ཁ་འཐོར། གྲྭ་ཚང་ཆེ་ཆུང་ལ་གཞིགས་པའི་ས་འཐུས་གྲངས་འབོར་ཇི་དགོས་ས་གནས་འོས་བསྡུ་འགན་འཛིན་གྱི་འགན་འཁུར་འོག་ས་གནས་རང་ནས་གྲངས་བཅད་ཀྱིས་ཁུངས་སོ་སོའི་མི་མང་ནས་འོས་འདེམས་བྱུང་ནའང་ཆོག

ག ཅི་སྟེ་མང་ཚོགས་ནང་གོང་གསལ་ ཀ པ་དང་ ཁ པ་གང་དུ་འགྲོ་དགོས་མིན་རྩོད་གླེང་བྱུང་ཚེ་ཁྱབ་ཁོངས་མི་མང་ནས་མང་མོས་འོས་བསྡུ་བྱས་ཏེ་ཐག་གཅོད་ཇི་བྱུང་ལྟར་རྩ་འཛིན་བྱ་དགོས།

དོན་ཚན་དོན་དགུ་པ། ས་གནས་འཐུས་མིའི་གྲངས་ཚད་དང༌། ཡུན་ཚད།

༡ ས་གནས་འཐུས་མིའི་གྲངས་ཚད་ས་གནས་ཆེ་ཆུང་ལ་གཞིགས་པའི་ཚོགས་མི་གྲངས་ ༣༥ ལས་མི་བརྒལ་བ་དང༌། ༧ ལས་མི་ཉུང་བ་དགོས།

༢ ས་གནས་འཐུས་མིའི་ཚོགས་འདུའི་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན།

དོན་ཚན་བརྒྱད་ཅུ་པ། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ།

༡ སྐབས་སོ་སོའི་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་ཐེངས་དང་པོའི་ཐོག་འཐུས་མི་རང་ཁོངས་ནས་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་གསང་བའི་འོས་བསྡུས་ཀྱིས་མང་མོས་འདེམས་ཐོན་དགོས་པ་ཡིན།

༢ ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པས་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ས་གནས་ཁྲིམས་ཞིབ་པའི་མདུན་སར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས།

༣ ས་གནས་འཐུས་མི་གསུམ་ཆ་གཉིས་ཡན་མོས་མཐུན་གྱིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་འཕོ་ལེན་བྱེད་དགོས་པའི་སྐབས་དང༌། ས་སྟོང་ནམ་བྱུང་མཚམས་ཚབ་གསར་ཁྲིམས་ལུགས་ལྟར་འོས་བསྡུ་བྱེད་དགོས་པ་ཡིན།

དོན་ཚན་གྱ་གཅིག་པ། འོས་བསྡུའི་ལས་དོན།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལྟར། ས་གནས་ཀྱི་འོས་བསྡུའི་ལས་དོན་ཡོངས་རྫོགས་ས་གནས་འོས་བསྡུ་ལས་ཁང་ནས་འགན་འཁུར་ལེན་དགོས།

དོན་ཚན་གྱ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད།

ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང༌། གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད། འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱེད་དགོས།

དོན་ཚན་གྱ་གསུམ་པ། ས་གནས་འཐུས་མིའི་ཚོགས་འདུའི་ནང་འོས་བསྡུ།

སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་པའི་ཁྲིམས་ལུགས་དང༌། སྒྲིག་གཞི་ཁག་གི་དམིགས་བསལ་དོན་གནད་རྣམས་ཕུད། དེ་མིན་དོན་གནད་གང་ཅིའི་སྐོར་ལ་ས་གནས་འཐུས་མིའི་ཚོགས་འདུ་ནས་གྲོས་བསྡུར་གྱིས་སྤྱི་མོས་སམ། ཡང་ན་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།

དོན་ཚན་གྱ་བཞི་པ། ཚོགས་འདུར་འཐུས་མིའི་ཉུང་ཚད།

ས་གནས་འཐུས་མིའི་ཚོགས་འདུར་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ཕྱིན་ལས་དོན་ཐག་གཅོད་བྱེད་པའི་དབང་ཆ་ཡོད། འོན་ཀྱང་འཐུས་མིའི་རྩ་འབོར་ཆ་བགོས་བྱེད་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པ་ཡིན།

དོན་ཚན་གྱ་ལྔ་པ། ས་གནས་འཐུས་མིའི་ལས་དོད་དང་ཐོབ་ཐང་གཞན་ཁག

ས་གནས་འཐུས་མིར་ལས་དོད་དང་འགྲིམ་འགྲུལ་ཟུར་ཕོགས་ཀྱི་ཐོབ་ཐང་སྤྱི་ལྷན་ནས་ཁྲིམས་ལུགས་གཏན་འབེབས་བྱས་པ་ལྟར་འཐོབ་རྒྱུ།

དོན་ཚན་གྱ་དྲུག་པ། ས་གནས་ཀྱི་ལོ་འཁོར་སྔོན་རྩིས།

ས་གནས་འགོ་འཛིན་ལས་ཁུངས་ནས་ཚོགས་འདུར་ལོ་འཁོར་སྔོན་རྩིས་འཆར་ལོའི་ཡོང་འབབ་དང༌། འགྲོ་སོང་སྐོར་ལོ་འཁོར་སྔོན་རྩིས་འགོད་འབུལ་བྱེད་དགོས་པ་དང༌། ལོ་འཁོར་སྔོན་རྩིས་ནང་སྡེ་ཚན་གཉིས་སུ་དབྱེ་དགོས་པ་ནི།

ཀ དབུས་ནས་ས་གནས་འགོ་འཛིན་གྱི་ཕོགས་ཐོབ་དང༌། ཡོང་འབབ་མེད་པའི་ས་གནས་ཁག་ལ་འཛིན་སྐྱོང་གི་འགྲོ་གྲོན་གཏོང་འོས་ཁག

ཁ དེ་མིན་འགོ་འཛིན་ལས་རོགས་ཀྱི་ཕོགས་ཐོབ་དང༌། འགྲོ་གྲོན་གཏོང་འོས་ཀྱི་འཆར་གཞི་གཞན་ཁག་ལ་ས་གནས་ཡོང་འབབ་ཀྱི་ཐོག་ནས་གཏོང་དགོས་པའི་སྔོན་རྩིས་འཆར་གཞི་ཁག་ས་གནས་འཐུས་མིའི་ཚོགས་འདུ་ནས་བཀའ་འཁྲོལ་དང༌། གཅོག་འཕྲི་ཕྱིར་སློག་བཅས་ཇི་འོས་ཐག་གཅོད་བྱ་རྒྱུ།

དོན་ཚན་གྱ་བདུན་པ། ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི།

ས་གནས་ཁག་གི་འཐུས་མིའི་ཚོགས་འདུ་སོ་སོས་བཅའ་ཁྲིམས་ཀྱི་འབྲུ་དོན་ཁག་གཞིར་བཟུང་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་རེ་བཟོས་ཏེ་འཐུས་མི་ངོ་ཡོད་གསུམ་ཆ་གཉིས་ཀྱི་མོས་མཐུན་ཐོག་གཏན་འབེབས་ཀྱིས་རྩ་འཛིན་ལག་ལེན་བསྟར་རྒྱུ། ངོ་ཡོད་འཐུས་མིའི་གསུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་ན་སྒྲིག་གཞི་དང༌། སྒྲིག་གཞིའི་དོན་ཚན་གང་རུང་ལ་བསྐྱར་བཅོས་བྱེད་ཆོག་པ་ཡིན།

དོན་ཚན་གྱ་བརྒྱད་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཚོགས་ཞུགས་ཆོག་པའི་ཐོབ་ཐང༌།

ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཚོགས་འདུར་ཞུགས་པ་དང༌། བགྲོ་གླེང༌། དྲི་བར་ལན་འདེབས། གསལ་བཤད་བཅས་བྱེད་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་འོས་བསྡུའི་ཐོབ་ཐང་མེད།

དོན་ཚན་གྱ་དགུ་པ། གྲོས་འཆར་འདོན་རྒྱུའི་ཐོབ་ཐང༌།

ས་གནས་ཀྱི་ལས་དོན་བྱེད་ཕྱོགས་དང༌། སྒྲིག་གཞི། ཁྲིམས་ལུགས་གང་རུང་ལ་བསམ་འཆར་དང༌། གྲོས་འཆར་འདོན་རྒྱུར་ས་གནས་འཐུས་མིའི་ཚོགས་མི་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོད། འོན་ཀྱང་འཐུས་མི་མ་ཡིན་པའི་སྐྱེ་བོ་སུ་ཞིག་ནས་གོང་གསལ་དོན་ཚན་གང་རུང་སྐོར་ལ་གྲོས་འཆར་འདོན་མི་ཡོད་ཚེ་ས་གནས་འཐུས་མི་ཞིག་བརྒྱུད་ནས་འབུལ་དགོས་པ་ཡིན།

དོན་ཚན་དགུ་བཅུ་པ། གྲོས་བསྡུར་བཀག་སྡོམ།

༡ ས་གནས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་ས་གནས་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་འཆར་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་ཀྱི་ལས་དོན་བྱེད་བཞིན་པ་དང༌། ས་གནས་འཐུས་མིའི་ཚོགས་ཆུང་ཞིག་ནས་ཞིབ་འཇུག་བྱེད་བཞིན་པའི་ལས་དོན་བཅས་ཀྱི་སྐོར་ལ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག

༢ འོན་ཀྱང་ས་གནས་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་འཆར་ལ་མོས་མཐུན་ཐག་གཅོད་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་མཐའ་མའི་ཆོག་མཆན་ཞུ་དགོས་པ་ཡིན།

དོན་ཚན་གོ་གཅིག་པ། ས་གནས་འགོ་འཛིན་དང༌། ལས་རོགས་འཕོ་འགྱུར།

༡ ས་གནས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་ས་གནས་འགོ་འཛིན་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་ཆོད་བྱུང་ཚེ་ས་གནས་རང་ཁོངས་མང་ཚོགས་ནས་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།

༢ ས་གནས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་ས་གནས་འགོ་འཛིན་ལས་རོགས་འཕོ་འགྱུར་གཏོང་ཆོག་པ་ཡིན།

༣ དེ་འདྲའི་གནས་ཚུལ་བྱུང་སྐབས་མཐའ་མའི་འོས་བསྡུ་ཐག་གཅོད་མ་བྱས་གོང་དོ་བདག་ལ་ས་གནས་འཐུས་མིའི་ཚོགས་འདུར་གསལ་བཤད་བྱེད་རྒྱུའི་གོ་སྐབས་དང༌། ཐོབ་ཐང་སྤྲོད་དགོས།

དོན་ཚན་གོ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུ་དང༌། འཐུས་མི་བྱེ་བྲག་པ་འཕོ་འགྱུར་གཏོང་བ།

༡ ས་གནས་འགོ་འཛིན་དང༌། ལས་རོགས་གཉིས་ཀྱིས་ཚོགས་གཙོ་གཉིས་ལ་གོ་བསྡུར་གྱིས་ས་གནས་འཐུས་མི་ཡོངས་རྫོགས་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ས་གནས་མི་མང་གིས་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལྟར་ལ་ཐག་གཅོད་བྱ་རྒྱུ་དང༌།

༢ ཡང་ན་འཐུས་མི་བྱེ་བྲག་པ་ཞིག་འཕོ་འགྱུར་གཏོང་དགོས་བྱུང་ཚེ་ས་གནས་འཐུས་མིའི་ཚོགས་འདུ་ནས་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།

༣ འཐུས་མི་བྱེ་བྲག་པའམ། འཐུས་མི་ཡོངས་རྫོགས་འཕོ་འགྱུར་གཏོང་དགོས་བྱུང་ཚེ་ཉིན་གྲངས་ ༣༠ ནང་ཚུད་གསར་དུ་འོས་འདེམས་ཟིན་པ་དགོས་རྒྱུ།

དོན་ཚན་གོ་གསུམ་པ། མཉམ་འབྲེལ་ཁག་གི་བདག་དབང་དང༌། འཛིན་སྐྱོང༌།

༡ བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་བདག་པོ་ནི་མ་སྐལ་ཡོད་པའི་ས་གནས་བོད་མིའི་མཉམ་འབྲེལ་ཁག་དང༌། ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་བདག་པོ་ནི་དེའི་མ་སྐལ་བདག་པོ་རྣམས་ཡིན།

༢ བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་གི་གྲུབ་འབྲས་ཁེ་འབབ་ཇི་ཡོད་ནས་སྒྲིག་གསལ་ལྟར་མ་འོངས་འདུ་འགོད་ཀྱི་ཆེད་ཟུར་བཅད་ཕུད། དེ་འཕྲོས་མ་སྐལ་བདག་པོའམ་རང་ཁོངས་མི་མང་རྣམས་ཀྱི་ཁེ་ཕན་ཁོ་ནའི་ཆེད་གཏོང་དགོས།

༣ མཉམ་འབྲེལ་གྱི་མ་སྐལ་བདག་པོ་དང༌། ས་གནས་འཐུས་མིའི་ཚོགས་འདུ། ས་གནས་འགོ་འཛིན་བཅས་ལ་མཉམ་འབྲེལ་གྱི་ལས་དོན་དང༌། བྱེད་འཆར་སྐོར་གསལ་བསྒྲགས་དང༌། གོ་བསྡུར་ཡང་ཡང་བྱེད་དགོས།

དོན་ཚན་གོ་བཞི་པ། ས་གནས་ཁྲིམས་ཞིབ་ཁང༌།

བཅའ་ཁྲིམས་དོན་ཚན་ ༦༩ པ་ནང་གསལ་ལྟར་ས་གནས་སོ་སོར་གཏན་འཇགས་སམ། འཕྲལ་སེལ་ཁྲིམས་ཞིབ་ཁང་རེ་འཛུགས་ཆོག་པ་དེ་དག་གི་ཁྲིམས་ཞིབ་པ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སུ་འོས་ལ་བསྐོ་གཞག་བྱ་རྒྱུ།

དོན་ཚན་གོ་ལྔ་པ། བོད་མིའི་འདུ་གནས་གསར་ཆགས།

ས་གནས་འགོ་འཛིན་ལས་ཁུངས་དང༌། ས་གནས་འཐུས་མིའི་ཚོགས་འདུ་མེད་རིགས་ཀྱི་ས་གནས་ཁག་གི་ཐད།

༡ ས་གནས་གང་ཞིག་ཏུ་གཏན་སྡོད་བྱེད་པའི་བོད་མི་ཁྱིམ་ཚང་ ༥༠ ནས་ ༡༥༠ བར་དང༌། ཡང་ན་མི་གྲངས་ ༢༠༠ ནས་ ༦༠༠ མན་ཡོད་པ་དང༌། དེ་དག་གི་འཚོ་བའི་མདུན་ལམ་ས་གནས་དེ་གར་སྲ་བརྟན་ཕུགས་འཕེར་བཅས་ཡོད་ཚེ་བཅའ་ཁྲིམས་དོན་ཚན་ ༧༨ པ་ནང་གསལ་གྱི་ས་གནས་འཐུས་ཚོགས་འཛུགས་ཆོག་པ་ཡིན།

༢ ས་གནས་གང་ཞིག་ཏུ་བོད་མི་ཁྱིམ་ཚང་ ༡༥༠ ཡན་དང༌། ཡང་ན་མི་གྲངས་ ༦༠༠ ཡན་ཡོད་ཚེ་བཅའ་ཁྲིམས་དོན་ཚན་ ༧༢ པ་དང་ ༧༨ པ་ནང་གསལ་ལྟར་ས་གནས་འགོ་འཛིན་ལས་ཁུངས་དང༌། ས་གནས་འཐུས་མི་ཚོགས་འདུའི་སྒྲིག་འཛུགས་གཉིས་ཀ་འཛུགས་ཆོག་པ་ཡིན།

༣ འོན་ཀྱང་དེ་ལྟའི་འོས་བབ་མཆིས་མིན་དབུས་འབྲེལ་ཡོད་ལས་ཁུངས་ནས་རྟོག་ཞིབ་ནན་ཏན་བྱེད་དགོས་པ་ཡིན།

ལེའུ་བརྒྱད་པ།

འོས་བསྡུའི་ལས་དོན།

དོན་ཚན་གོ་དྲུག་པ། དབུས་འོས་བསྡུ་ལས་ཁང༌།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་དང༌། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། སྲིད་སྐྱོང་། གཞན་ཡང་བཅའ་ཁྲིམས་ནང་གསལ་འོས་བསྡུའི་བྱེད་སྒོ་ཅི་རིགས་དང༌། བོད་དང་བོད་མིའི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་ཐག་གཅོད་བྱ་རྒྱུ་བཅས་ཀྱི་འོས་བསྡུའི་ལས་དོན་རྣམས་ཀྱི་ཆེད་དུ་རང་དབང་ལྡན་པའི་དབུས་འོས་བསྡུ་ལས་ཁང་ཞིག་དགོས་པ་ཡིན།

དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་དབང༌།

༡ ཀ དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། དེ་མིན་ལས་བྱ་ཇི་དགོས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་གོ་བསྡུར་དང་འབྲེལ་བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་བྱེད་ཆོག་པ་ཡིན།

ཁ གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

༢ ཀ སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས།

ཁ གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

ག དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ། ཁས་ལེན་བྱེད་དགོས།

༣ དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་བསྐོ་གཞག་ཟིན་པ་ནས་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར། འོས་བསྡུའི་ལས་དོན་ཡོངས་རྫོགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་གཉིས་བཅས་གསུམ་ཀའི་སྤྱི་མོས་སམ། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང༌། འོས་བསྡུ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་འགོ་འདོམས་སྤྱི་ཁྱབ་འགན་འཛིན་གྱིས་བྱ་རྒྱུ།

༤ འོས་བསྡུ་ལས་ཁང་གི་འགན་དབང་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ།

༥ བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་དབུས་འོས་བསྡུ་ལས་ཁང་ནས་སྤྱི་ཡོངས་འོས་བསྡུའི་སྒྲིག་གཞི་ཁག་ཞིབ་བཀོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ།

༦ འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང༌། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱ་རྒྱུ་དང༌། དབུས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མ་གཏོགས་ཁྲིམས་ཞིབ་ཁང་གཞན་ལ་ཞུ་གཏུགས་མི་ཆོག

༧ ས་གནས་སོ་སོར་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་བྱེད་ཆོག་པ་དང༌། ས་གནས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ། དབུས་འོས་བསྡུ་ལས་ཁང་དུ་ཞུ་གཏུགས་ཆོག་ཅིང༌། ད་དུང་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཆོག

དོན་ཚན་གོ་བརྒྱད་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་ཐོབ།

༡ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་ཇི་བྱས་ལྟར་འཐོབ་རྒྱུ།

༢ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་ཐོན་ཐོབ་ཐང་བཅས་ལ་གནོད་སྐྱོན་འགྲོ་བའི་བསྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག

༣ དབུས་འོས་བསྡུའི་འགན་འཛིན་ལས་འཕར་ཞོར་ལྕོགས་ཡིན་ན་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཟུར་དུ་གཏན་འབེབས་མ་དགོས་ཤིང༌། མི་འགྲོ་ཟུར་བསྐོས་ཡིན་ན། ལས་ཐོན་ཕོགས་ཐོབ་མ་གཏོགས། ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག དེ་མཚུངས་ཆ་རྐྱེན་གཞན་དག་སྤྱི་ཁྱབ་འགན་འཛིན་དང་སྤྱི་མཚུངས་ཡིན།

དོན་ཚན་གོ་དགུ་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཡུན་ཚད།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་བཞག་ན་ལས། ལས་འཁུར་ཡུན་ཚད་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོར་ལོན་པ་གང་སྔའི་བར་ཡིན།

༢ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་ལས་ཐོན་ནམ། རྒས་ཡོལ། འཕོ་འགྱུར་སོང་བའི་སྐྱེ་བོ་སུ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག

ལེའུ་དགུ་པ།

ལས་བྱེད་འདེམས་བསྐོའི་ལས་དོན།

དོན་ཚན་བརྒྱ་ཐམ་པ། ལས་བྱེད་འདེམས་བསྐོ་ལྷན་ཁང༌།

བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་དང་ལས་བྱའི་སྡེ་ཚན་གྱི་ལས་བྱེད་འདེམས་བསྐོའི་སླད་རང་དབང་ལྡན་པའི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ཤིག་དགོས།

དོན་ཚན་བརྒྱ་དང་གཅིག འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས།

༡ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

༢ གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

༣ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ། ཁས་ལེན་བྱེད་དགོས།

དོན་ཚན་བརྒྱ་དང་གཉིས། འདེམས་བསྐོ་ལྷན་ཁང་གི་འགན་དབང༌།

སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་དང༌། ལས་བྱའི་སྡེ་ཚན་ཁག་འདེམས་བསྐོ་དང༌། སྦྱོང་བརྡར། ཐོབ་ཐང་དང་ལས་འགན་བཅས་ཀྱི་སྒྲིག་གཞི་གཏན་འབེབས་བྱ་རྒྱུ།

དོན་ཚན་བརྒྱ་དང་གསུམ། འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས།

འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་སྒྲིག་གཞི་ཞིབ་བཀོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱུང་བ་གཞིར་བཟུང་ལག་ལེན་བསྟར་རྒྱུ།

དོན་ཚན་བརྒྱ་དང་བཞི། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་ཐོབ།

འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལྟར་འཐོབ་རྒྱུ། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་རྣམས་ཀྱི་ཕོགས་དང་ཟུར་ཕོགས། མཚན་དོད། ལས་དོད། ལས་ཐོན་ཐོབ་ཐང་ཡོད་རིགས་བཅས་ལ་གནོད་སྐྱོན་འགྲོ་གཞིའི་བསྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག

དོན་ཚན་བརྒྱ་དང་ལྔ། འདེམས་བསྐོ་ལྷན་ཁང་གི་ཡུན་ཚད།

༡ འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་རྣམས་ཀྱི་ཡུན་ཚད་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ལོན་པ་གང་སྔའི་བར་ཡིན།

༢ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་བཞག་ན། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་གང་རུང་ངམ། ཆ་ཚང་འཕོ་འགྱུར་བྱེད་ཆོག

༣ འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ལས་འཁུར་ནས་ལས་ཐོན་ནམ། རྒས་ཡོལ། འཕོ་འགྱུར་སོང་བའི་སྐྱེ་བོ་སུ་ཡང་གཞུང་གི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག

ལེའུ་བཅུ་པ།

རྩིས་ཞིབ་ལས་དོན།

དོན་ཚན་བརྒྱ་དང་དྲུག སྤྱི་ཁྱབ་རྩིས་ཞིབ་ལས་ཁང༌།

རྩིས་ཞིབ་ལས་ཁང་གི་རྩིས་ཁྲ་ཁག་ཕུད་བོད་མིའི་སྒྲིག་འཛུགས་དང༌། གཤམ་འོག་ལས་ཁུངས་མ་ལག་དང་བཅས་པའི་ཡོང་འབབ་དང༌། འགྲོ་གྲོན་ཡོད་དོ་ཅོག དབུས་ནས་དགོས་དངུལ་གཏོང་དགོས་ཀྱི་སྒྲིག་འཛུགས་ཚང་མར་ཁྲིམས་ལུགས་ལྟར་རྩིས་ཞིབ་ཆེད་རང་དབང་ལྡན་པའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ཞིག་དགོས་པ་ཡིན།

དོན་ཚན་བརྒྱ་དང་བདུན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས།

༡ ཀ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ལ་རྩིས་ཞིབ་སྤྱི་ཁྱབ་པ་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་སྐབས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

ཁ གལ་ཏེ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

༢ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ། ཁས་ལེན་བྱེད་དགོས།

དོན་ཚན་བརྒྱ་དང་བརྒྱད། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་དབང༌།

༡ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་ལས་ཁང་གི་རྩིས་ཁྲ་ཁག་ཕུད། དབུས་སྒྲིག་འཛུགས་དང༌། གཤམ་འོག་ལས་ཁུངས་མ་ལག་དང༌། དབུས་ནས་དགོས་དངུལ་གཏོང་དགོས་ཀྱི་སྒྲིག་འཛུགས་ཡོངས་ཀྱི་ལོ་རེའི་རྩིས་ཁྲ་དང༌། བྱུང་སོང་ཁ་འཐབ་ཀྱི་མཇུག་བསྡོམས་ཁ་ཤོག་བཅས་ཁྲིམས་ལུགས་ལྟར་གཏན་འབེབས་གཞིར་བཟུང་བཟོ་འགོད་བྱས་པའི་རྩིས་ཀྱི་ཡིག་ཆ་ཡོངས་རྫོགས་ལ་ཞིབ་འཇུག་དང༌། སྟངས་འཛིན། འདྲི་རྩད་བཅས་བྱ་རྒྱུའི་འགན་དབང་ཆ་ཚང་ཡོད།

༢ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་དབང་དང༌། རྩིས་ཞིབ་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་གསལ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ།

༣ དངུལ་རྩིས་ཀྱི་ལོ་འཁོར་མཇུག་བསྡོམས་ཟིན་པའི་གཏན་འབེབས་དུས་ཚེས་ནས་ཟླ་བ་བདུན་གྱི་ནང་ཚུན་རྩིས་ཞིབ་ཟིན་པ་བྱས་ཏེ་དག་མཆན་འཁོད་པའི་རྩིས་ཁྲ་དང༌། རྩིས་ཞིབ་སྙན་ཐོ་བཅས་འབྲེལ་ཡོད་ལས་ཁུངས་སོ་སོར་ཕྱིར་སྤྲོད་དགོས་རྒྱུ་དང༌། འབྲེལ་ཡོད་ལས་ཁུངས་སོ་སོས་དག་མཆན་འཁོད་པའི་རྩིས་ཁྲ་དང་རྩིས་ཞིབ་སྙན་ཐོར་གསལ་བཤད་དང་སྦྲགས་དངུལ་རྩིས་ལོ་མཇུག་བསྡོམས་པ་ནས་ཟླ་བ་དགུའི་ནང་ཚུན་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་ཟིན་པ་དགོས།

དོན་ཚན་བརྒྱ་དང་དགུ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་ཐོབ།

༡ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ་དང༌། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་བྱས་པ་ལྟར་འཐོབ་རྒྱུ།

༢ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཐོབ་ཐང་བཅས་ལ་གནོད་སྐྱོན་འགྲོ་གཞིའི་བསྒྱུར་བཅོས་དང་གཅོག་འཕྲི་མི་ཆོག

དོན་ཚན་བརྒྱ་དང་བཅུ། རྩིས་ཞིབ་སྤྱི་ཁྱབ་པའི་ཡུན་ཚད།

སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྩིས་ཞིབ་སྤྱི་ཁྱབ་པ་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་བཞག་ན་ལས། ལས་འཁུར་ཡུན་ཚད་ལོ་བཅུའམ། རང་ལོ་དྲུག་ཅུ་རེ་ལྔ་ལོན་པ་གང་སྔའི་བར་ཡིན།

ལེའུ་བཅུ་གཅིག་པ།

བཅའ་ཁྲིམས་བསྐྱར་བཅོས་དང༌། སྐད་ཡིག་ཚད་འཛིན།

དོན་ཚན་བརྒྱ་དང་བཅུ་གཅིག བཅའ་ཁྲིམས་བསྐྱར་བཅོས།

༡ བཅའ་ཁྲིམས་འདིའི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས་ཕུད། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ།

༢ བཅའ་ཁྲིམས་འདིའི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཁག་ལ་བསྐྱར་བཅོས་དགོས་གལ་བྱུང་ཚེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ།

དོན་ཚན་བརྒྱ་དང་བཅུ་གཉིས། མང་ཚོགས་འོས་བསྡུ་ཐག་གཅོད།

ཕྱིར་བསྡུ།

དོན་ཚན་བརྒྱ་དང་བཅུ་གསུམ། བར་བརྒལ་གྱི་ཆ་རྐྱེན།

ཕྱིར་བསྡུ།

དོན་ཚན་བརྒྱ་དང་བཅུ་བཞི། སྒྲིག་འཛུགས་བསྐྱར་བཅོས།

ཕྱིར་བསྡུ།

དོན་ཚན་བརྒྱ་དང་བཅོ་ལྔ། སྐད་ཡིག་ཚད་འཛིན།

དབྱིན་ཡིག་དང༌། སྐད་ཡིག་གཞན་ཐོག་གཞུང་འབྲེལ་ཕབ་བསྒྱུར་བྱས་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པ་དེ་དག་བསྒྱུར་ཡིག་ཚད་ལྡན་དུ་ཆ་འཇོག་བྱ་རྒྱུ། འོན་ཀྱང་ཚིག་དོན་འགྲེལ་བརྗོད་བྱེད་ཚུལ་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་རྒྱུ་བཅས་སོ།། །།

 

ཟུར་སྣོན་ཡིག་ཆ་ཨང༌། ༡། ཀ

སྲིད་སྐྱོང་དང༌། བཀའ་བློན་གྱི་ལས་འཁུར་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འོས་ཐོན་/བཀའ་བློན་དུ་བསྐོ་གཞག་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། སྲིད་སྐྱོང་གིི་/བཀའ་བློན་གྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༡། ཁ

གསང་རྒྱའི་དམ་བཅའ།/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ་སྲིད་སྐྱོང་གིི་/བཀའ་བློན་གྱི་/ལས་འཁུར་ཞུ་སྒོ་དང་འབྲེལ་བའི་གསང་བའི་དོན་གནད་ཤེས་རྟོགས་བྱུང་བ་རྣམས། བོད་དང་བོད་མིའི་ཁེ་ཕན་ཆེད་གསལ་བསྒྲགས་བྱེད་དགོས་གཞུང་འབྲེལ་ཐག་གཅོད་བྱུང་ན་མ་གཏོགས་སུ་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ནམ་ཡང་ཕྱིར་བསྒྲགས་མི་བྱེད་པའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༢

སྤྱི་འཐུས་ལས་འཁུར་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། སྐབས་་་་་་་་་་་་་་་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༣

བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་ལས་འཁུར་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་/ཚོགས་གཙོ་གཞོན་པར་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། ཚོགས་གཙོའི་/ཚོགས་གཙོ་གཞོན་པའི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༤

ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པའི་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བར་/ཁྲིམས་ཞིབ་པར་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། ཁྲིམས་ཞིབ་པ་ཆེ་བའི་/ཁྲིམས་ཞིབ་པའི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་གི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང༌། ནུས་པ་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༥

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལས་འཕར་གྱི་ལས་འཁུར་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་/འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་/འགན་འཛིན་ལས་འཕར་གྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༦

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། ཚོགས་མིའི་ལས་འཁུར་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་/ཚོགས་མིར་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་/ཚོགས་མིའི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ་ཨང༌། ༧

སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ལས་འཁུར་དམ་བཅའ་/ཁས་ལེན།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། རྩིས་ཞིབ་སྤྱི་ཁྱབ་པའི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་གི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང༌། ནུས་པ་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༡༩།༨།༢༢ ཉིན་བཅའ་ཁྲིམས་བསྐྱར་བཅོས་སུམ་ཅུ་སོ་བཞི་བར་ཆ་ཚང་ཕྱོགས་བསྒྲིགས་ཞུས་པ།

keyboard_arrow_up