དོན་ཚན་དྲུག་ཅུ་རེ་གཉིས་པ། སྲིད་སྐྱོང་གི་འོས་བསྡུ་བྱེད་པོ།
ཁྲིམས་ལུགས་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད། བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་ལ་འོས་འཕེན་གྱི་ཐོབ་ཐང་ཡོད།
དོན་ཚན་དྲུག་ཅུ་རེ་གསུམ་པ། སྲིད་སྐྱོང་གི་འོས་ཆོས།
སྲིད་སྐྱོང་གི་འོས་གཞིར་རུང་བའི་སྐྱེ་བོ་ནི།
༡ བོད་ཀྱི་ཡུལ་མི་ཡིན་པ།
༢ རང་ལོ་ ༣༥ ཧྲིལ་པོ་ལོན་པ།
༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༥ ཁྲིམས་ཁང་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ།
༦ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་སྲིད་སྐྱོང་ངམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།
༧ ཡུན་ཚད་གཉིས་བསྟུད་མར་སྲིད་སྐྱོང་ངམ་བཀའ་བློན་གྱི་ལས་འཁུར་བྱེད་བཞིན་པ་མ་ཡིན་པ།
༨ བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༣ པའི་ ཀ དང་ ༤ པ་ལྟར་སྲིད་སྐྱོང་ངམ་བཀའ་བློན་འཕོ་འགྱུར་བྱེད་དགོས་བྱུང་བ་མ་ཡིན་པ།
༩ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།
༡༠ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།
༡༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།
༡༢ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ་བཅས།
དོན་ཚན་དྲུག་ཅུ་རེ་བཞི་པ། སྲིད་སྐྱོང་གི་ཡུན་ཚད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་སྲིད་སྐྱོང་གི་ཡུན་ཚད་དམ་འབུལ་བྱས་ཉིན་ནས་དུས་ཡུན་ལོ་ལྔ་ཡིན།
དོན་ཚན་དྲུག་ཅུ་རེ་ལྔ་པ། སྲིད་སྐྱོང་གི་འོས་འཕེན་པའི་མིང་གཞུང༌།
སྲིད་སྐྱོང་གི་འོས་བསྡུའི་ཆེད་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཟུར་འཛར་ ག༽ ལྟར་མིང་གཞུང་མ་དེབ་གཞིར་བཟུང་འོས་བསྡུ་བྱ་ཡུལ་སྡེ་ཚན་སོ་སོའི་ས་གནས་རང་ཁོངས་འོས་འཕེན་པའི་མིང་གཞུང་བསྐྱར་ཞིབ་བམ་བཟོ་འགོད་གཏན་འབེབས་ཟིན་འཕྲལ། མིང་གཞུང་འདྲ་བཤུས་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས་པ་དང༌། སླད་མིང་གཞུང་དེ་དག་གཙོར་བཟུང་གིས་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་འགྲེམས་སྤེལ་བྱེད་དགོས། སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་འཕེན་པའི་མིང་གཞུང་བསྐྱར་ཞིབ་བམ་བཟོ་འགོད་སྒྲིག་གཞི་གཞིར་བཟུང་ངེས་ཅན་དུས་བཀག་འོག་བྱེད་དགོས།
དོན་ཚན་དྲུག་ཅུ་རེ་དྲུག་པ། སྲིད་སྐྱོང་གི་འོས་ཤོག་བཟོ་སྐྲུན།
༡ དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་འོས་ཤོག་བཟོ་སྐྲུན་གཏན་འབེབས་བྱེད་དགོས།
༢ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༨ ནང་གསེས་ ༢ དང་ ༣ ལྟར་བྱེད་དགོས།
༣ དབུས་འོས་བསྡུ་ལས་ཁང་གིས་སྔོན་འགྲོའི་འོས་ཤོག་ཟུར་འཛར་ ཉ༽ བཞིན་བཟོ་དགོས།
དོན་ཚན་དྲུག་ཅུ་རེ་བདུན་པ། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
༡ བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་སོ་སོ་ནས་སྔོན་འགྲོའི་འོས་དམིགས་རེའི་མིང་དང༌། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས། ཁྱད་མིང་ངམ་ནང་མིང་ལྟ་བུ་མིང་འདྲ་གཞན་དང་མི་ནོར་བའི་ཁྱད་མིང་རེ་བཅས་ཁ་གསལ་འགོད་ཐབས་དགོས།
༢ འོས་བསྡུ་ཟིན་འཕྲལ་ས་གནས་འོས་བསྡུ་ལས་ཁང་ནས་སྒྲིག་གཞི་དོན་ཚན་ ༣༤ དགོངས་དོན་ལྟར་ལག་བསྟར་གྱིས་གཏན་འབེབས་དུས་ཚེས་ནང་ཚུན་དབུས་འོས་བསྡུ་ལས་ཁང་དུ་ཕུལ་འབྱོར་ཐུབ་པ་དགོས།
༣ དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད།
ཀ འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༢༠ ནང་ཚུན་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས།
ཁ སྔོན་འགྲོའི་འོས་གཞི་ནས་དགོངས་ཞུ་བྱེད་འདོད་ཡོད་རིགས་ཀྱིས་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་པ་ཞུ་འཁྲོལ་དགོས། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག
ག དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་བསྡུ་མ་བྱས་གོང་འོས་གཞི་སུ་རུང་ལ་འོས་ཆོས་ཚང་མིན་གྱི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་བའམ། དབུས་འོས་བསྡུ་ལས་ཁང་ནས་ཤེས་རྟོགས་བྱུང་སྐབས། ཁྲིམས་མཐུན་ཞིབ་འཇུག་གིས་སྒྲིག་དོན་གཞིར་བཟུང་གསལ་བསྒྲགས་ཟིན་པའི་འོས་གཞི་ཆ་ཚང་ངམ། འོས་གཞི་བྱེ་བྲག་པ་སུ་རུང་ཕྱིར་འཐེན་ཆོག་ཅིང༌། འོས་གཞི་ཆ་ཚང་ཕྱིར་འཐེན་བྱས་པ་ཡིན་ན་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་དང༌། འོས་གཞི་བྱེ་བྲག་པ་ཕྱིར་འཐེན་བྱས་པའམ་གློ་བུར་འཆི་སྐྱོན་བྱུང་བ་ཡིན་ན། འོས་གཞིའི་གྲངས་འབོར་ལ་གཞིགས་ཏེ་ཐག་གཅོད་བྱ་འཐུས།
༤ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས། འོན་ཀྱང་སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ།
༥ གསལ་བསྒྲགས་བྱས་པའི་དངོས་གཞིའི་འོས་གཞིར་མང་ཚོགས་ནས་གསང་བའི་འོས་ཤོག་མང་ཤོས་ཐོབ་པ་དེ་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་གསལ་བསྒྲགས་བྱ་རྒྱུ།
༦ འོས་གཞི་གཉིས་ལ་འོས་གྲངས་འདྲ་མཉམ་ཐོན་ཚེ་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་ཐོན་པའི་འོས་གཞི་གཉིས་ལ་སླར་ཡང་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ།
༧ བཀའ་ཤག་འཕོ་འགྱུར་ཕྱིན་པ་ཡིན་ན། དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཉིན་ནས་མང་མཐའ་ཉིན་གྲངས་ ༡༢༠ ནང་ཚུན་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ཡོངས་རྫོགས་ཟིན་པ་བྱེད་དགོས།
དོན་ཚན་དྲུག་ཅུ་རེ་བརྒྱད་པ། འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས།
༡ སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་བྱ་རྒྱུའི་དུས་ཚེས་ཉིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་འདུ་འཛོམས་ཐོག་ཟུར་དཔང་དུ་སྤྱི་འཐུས་རྒྱུན་ལས་ནས་ཆོལ་ཁ་ཆོས་བརྒྱུད་སོ་སོའི་ཐོབ་ཁོངས་ནས་སྤྱི་འཐུས་རེ་དམིགས་འཛུགས་གནང་དགོས། རྩ་འབོར་གྱི་གསུམ་ཆ་གཉིས་བྱུང་ཕྱིན་འོས་ཤོག་གྲངས་བཤེར་བྱེད་ཆོག
༢ འོས་ཤོག་རྩིས་མེད་གཏོང་ཕྱོགས་དང༌། མིང་རྟགས་འགོད་པ། ལས་རྒྱུན་བར་མཚམས། དོགས་གཅོད་བྱེད་ཕྱོགས་བཅས་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༢ པ་ནས་ ༥ པ་བར་ལག་བསྟར་དགོས་རྒྱུ།
དོན་ཚན་དྲུག་ཅུ་རེ་དགུ་པ། འདེམས་ཐོན་སྲིད་སྐྱོང་གསལ་བསྒྲགས།
འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་ཟིན་པའི་བསྡོམས་འབོར་གྱི་ཡིག་ཆར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལས་འཕར། ཟུར་དཔང་རྣམ་པས་མིང་རྟགས་བཀོད་ཟིན་འཕྲལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དང༌། དོ་བདག་ལ་འོས་ཐོན་རྒྱལ་ཁ་ཐོབ་པའི་བརྡ་ལན་འཕྲོད་ངེས་གཏོང་དགོས།