དབུས་འོས་བསྡུ་ལས་ཁང་ནས་དངོས་གཞི་འོས་བསྡུའི་གསར་འགོད་གསལ་བསྒྲགས་སྤེལ་བ།

folder_openགསལ་བསྒྲགས།

ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ།

DSC_0002༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ་ཉིན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དངོས་གཞིའི་འོས་དམིགས་གསལ་བསྒྲགས་སྤེལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དབུ་བཞུགས་ཐོག་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས། དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས། དྲུང་གཞོན་བསྟན་འཛིན་ནོར་བུ་ལགས་བཅས་ཕེབས་ཏེ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཞུ་རྒྱུར། དེ་ཡང་འོས་སྒྲིག་དོན་ཚན་ ༦༧ ནང་གསེས་ ༤ དགོངས་དོན་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་གཉིས་དང། དེ་བཞིན་འོས་སྒྲིག་དོན་ཚན་ ༤༩ ནང་གསེས་ ༣ ༼ཀ༽ དགོངས་དོན་ལྟར་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་བསྣན་ཏེ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཟུར་གསལ་ལྟར་དབུས་གཙང་ཆོལ་ཁོངས་སྤྱི་འཐུས་དང་བླངས་ ༡ བསྣན་ཏེ་འོས་དམིགས་ ༢༡ མདོ་སྟོད་དང་མདོ་སྨད་ཆོལ་ཁོངས་འོས་དམིགས་ ༢༠ རེ་དང། ཆོས་བརྒྱུད་ཁག་ལྔ་དང། ཡུ་རོབ་དང་ཨ་ཕི་རི་ཀ་ནས་འོས་དམིགས་ ༤ རེ། ལྷོ་བྱང་ཨ་རིར་སྤྱི་འཐུས་དང་བླངས་ ༢ བསྣན་ཏེ་འོས་དམིགས་ ༦ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་དང་བླངས་ ༡ བསྣན་ཏེ་འོས་དམིགས་ ༣ བཅས་གཏན་འབེབས་ཞུས་ཡོད།

སྲིད་སྤྱི་གཉིས་ཀྱི་འོས་གཞི་རྣམ་པས་ཐུགས་སྣང་དགོས་རིགས།

༡༽ འོས་སྒྲིག་སྤྱི་དང་ལྷག་པར་དོན་ཚན་ ༢༤ ནང་གསེས་ཁག་དང་དེ་འབྲེལ་ལམ་སྟོན་ཁག་ལ་ཐུགས་སྣང་ངེས་པར་གནང་དགོས།

༢༽ དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་དུ་ས་གནས་སོ་སོའི་འོས་བསྡུ་ལས་ཁང་ལ་རྩིས་སྙན་འབུལ་དགོས་རིགས།

ཀ༽ ལམ་སྟོན་སྔོན་སོང་ལྟར་འོས་མི་སྒེར་སོ་སོ་དང་། སྤྱི་སྒེར་སུ་ཐད་ནས་འོས་གཞི་དམིགས་འཛུགས་ཀྱིས་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་ཐད་རྒྱབ་སྐྱོར་གསལ་བསྒྲགས་སོགས་ཀྱི་ཆེད་འགྲོ་གྲོན་ཇི་སོང་དོ་བདག་འོས་མིའི་རྩིས་ཁྲའི་ཁོངས་སུ་བསྡོམས་ཏེ་འགྲོ་གྲོན་གང་སོང་གི་རྩིས་ཁྲ་མཐའ་དག་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་ལ་འབུལ་དགོས།

ཁ༽ འོས་མིར་དམིགས་འཛུགས་ཀྱིས་རྒྱབ་སྐྱོར་གསལ་བསྒྲགས་གནང་མཁན་གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཚང་མས་ཀྱང་འོས་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་འགྲོ་གྲོན་གང་སོང་གི་རྩིས་ཁྲ་མཐའ་དག་ས་གནས་སོ་སོའི་འོས་བསྡུ་ལས་ཁང་དུ་ངེས་འབུལ་དགོས་པ་ཡིན།

ག༽ འོས་གཞིའི་སྐྱེ་བོ་སུ་རུང་ལ་དོ་བདག་རང་ཉིད་ནས་དང་། ཚོགས་སྡེ་སུ་ཐད་ནས་འོས་བསྡུའི་དྲིལ་བསྒྲགས་སོགས་ཀྱི་ཆེད་འགྲོ་གྲོན་རྩ་ནས་བཏང་མེད་ཚེ་དེ་འབྲེལ་གྱི་གནས་ཚུལ་ས་གནས་འོས་བསྡུ་ལས་ཁང་ལ་ཡིག་ཐོག་ནས་སྙན་འབུལ་ཞུ་དགོས།

ང༽ སྔོན་ཞུས་ལྟར་འོས་གཞི་སོ་སོ་ནས་རང་ཉིད་ལ་རྒྱབ་སྐྱོར་གསལ་བསྒྲགས་བྱེད་འཐུས་ཆོག་པའི་ཚོགས་སྡེ་དང་མི་སྒེར་སུ་ལ་ཆོག་མཆན་གནང་བའི་ངོ་བཤུས་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་ལ་ངེས་འབུལ་དགོས་པ་ཡིན།

རྒྱ་ཆེའི་འོས་འཕེན་པ་ཡོངས་ནས་ཐུགས་སྣང་དགོས་རིགས།

༡༽ ཉེ་སྔོན་འོས་སྔོན་འགྲོའི་སྐབས་སུ་དེབ་སྐྱེལ་མེད་པ་དང་ཆ་ཤས་ལེན་ཐུབ་མེད་པ་ཡོད་ན་དངོས་གཞིའི་སྐབས་སུ་ཆ་ཤས་ལེན་ཐུབ་པ་གནང་རོགས།

༢༽ འོས་བསྡུ་དངོས་གཞིའི་སྐབས་འདི་ནས་འགྲེམས་སྤེལ་ཞུས་པའི་འོས་ཤོག་ནང་ཆོལ་ཁ་ཡིན་ན་འོས་མི་ཉི་ཤུ་རེ་དང་། དེའི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་ཁྱོན་འོས་མི་བཅུ་ཡི་མཚན་དང་མཚོན་རྟགས་གང་རུང་གི་སྟེང་དུ་འོས་རྟགས་རྒྱག་དགོས་པ་ལས་བཅུ་ལས་བརྒལ་མི་ཆོག ཕོ་མོ་ཁྱད་མེད་བཅུ་རེའི་ནང་དུ་བུད་མེད་གཉིས་ལ་ངེས་པར་འོས་འཕེན་དགོས་པ་སྔོན་འགྲོ་དང་གཅིག་མཚུངས་ཡིན།

༣༽ ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པ་དང་། དེ་བཞིན་ལྷོ་བྱང་ཨ་རི། ཡུ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁུལ་བཅས་ཀྱི་འོས་མི་བཞི་རེ་དང་དེའི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་འོས་མི་གཉིས་ཀྱི་མཚན་དང་མཚོན་རྟགས་གང་རུང་གི་སྟེང་དུ་འོས་རྟགས་རྒྱག་དགོས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཡེ་ཤི་ཡའི་ཁུལ་དུ་འོས་མི་གཉིས་ཀྱི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་འོས་མི་གཅིག་གི་མཚན་དང་མཚོན་རྟགས་གང་རུང་གི་སྟེང་དུ་འོས་རྟགས་རྒྱག་དགོས།

༤༽ དངོས་གཞིའི་འོས་བསྡུའི་སྐབས་ལོང་བ་དང་ལག་པ་གཉིས་ཀ་མེད་པའམ་སྐྱོན་ཅན་ལ་མ་གཏོགས་ཡིག་རྨོངས་ཅན་གྱིས་འོས་བསྡུའི་སྤྱིལ་བུའི་ནང་རོགས་རམ་བྱེད་མི་མཉམ་འཁྲིད་མི་ཆོག

༥༽ འོས་སྒྲིག་དོན་ཚན་ ༣༤ ནང་གསེས་ ༢ ཀ བའི་དགོངས་དོན་ལྟར་རིགས་འགྲེས་ཀྱིས་སོ་སོས་སུ་ལ་འོས་འཕངས་པའི་འོས་ཤོག་པར་བརྒྱབ་སྟེ་ངོ་དེབ་སོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱེད་པ་དང་། དོ་བདག་འོས་མི་ལ་དྲ་ལམ་ནས་བསྐུར་བ་སོགས་དབུས་སའི་འོས་བསྡུ་ལས་ཁང་སུ་ཐད་ནས་ཤེས་རྟོགས་བྱུང་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན།

༦༽ དེ་རིང་འདི་ནས་གསལ་བསྒྲགས་བྱས་པའི་སྲིད་སྤྱི་གཉིས་ཀྱི་འོས་དངོས་གཞི་འདིའི་ནང་ནས་མ་འོངས་པའི་འགོ་ཁྲིད་འོས་འདེམས་བྱེད་དགོས་སྟབས། དོན་དངོས་འོས་ཆོས་མ་ཚང་བའི་བདེན་དཔང་དངོས་ར་འཕྲོད་པ་ཡོད་ན་མ་གཏོགས། རང་གི་འདོད་དབང་ཙམ་གྱི་དབང་དུ་བཏང་ནས་ཁག་དཀྲི་འདྲ་མིན་གྱིས་གཞི་མེད་བསྙོན་འཛུགས་དང་། ཆིག་བསྒྲིལ་གཏོར་བཤིག དགྲ་དགའ་གཉེན་སྡུག་སོགས་ཀྱི་གཞི་རུ་འགྱུར་བའི་ཁུངས་མེད་འཆལ་གཏམ་རིགས་དྲ་ལམ་སོགས་བརྒྱུད་ལམ་ཁག་ཏུ་མི་སྤེལ་བའི་རེ་བསྐུལ་ནན་མོ་ཞུ་རྒྱུ་ཡིན། ཞེས་སྒྲོགས་སྦྱང་གནང་གྲུབ་རྗེས་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་གདམ་བྱ་རྒྱུའི་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་དང་། འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ཆོས་བརྒྱུད་དང་། ལྷོ་བྱང་ཨ་རི་ཁུལ། ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཀྲེ་ལེ་ཤེ་ཡའི་ཁུལ་གྱི་དངོས་གཞིའི་འོས་དམིགས། འགན་འཛིན་ལས་འཕར་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་ཆོལ་ཁའི་དངོས་གཞིའི་འོས་དམིགས་སྒྲོགས་སྦྱང་གནང་བ་བཅས།།

དངོས་གཞིའི་འོས་དམིགས།་ ཆོས་ཁ་གསུམ་གྱི་དངོས་གཞིའི་འོས་དམིགས། ཆོས་བརྒྱུད་ཁག ཡུ་རོབ་དང་ཨ་ཕི་རི་ཀ ལྷོ་བྱང་ཨ་རིར་། ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་དང་བླངས་ ༡ སྲིད་སྤྱི་གཉིས་བཅས་ཀྱི་དངོས་གཞིའི་འོས་དམིགས།

 

Related Posts

keyboard_arrow_up