དྭོགས་འདྲི་ཁག (FAQ)

༡༽ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁབ་འགན་འཛིན་དང་འགན་འཛིན་ལས་འཕར་བསྐོ་གཞག་སུས་གནང་གི་ཡོད་དམ།

ལན། བཅའ་ཁྲིམས་དོན་ཚན་ ༩༧ པའི་ནང་གསེས་ ༡ དང་ ༢ དགོངས་དོན། ཁྲིམས་ཞིབ་པ་ཆེ་བ་དང་། སྲིད་སྐྱོང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་དམིགས་འཛུགས་གནང་བའི་མི་འགྲོ་གསུམ་གྱི་ཚོགས་ཆུང་བསྐོ་བཞག་གནང་རྗེས། ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་བསྐོ་བཞག་གནང་གི་ཡོད།༴

 

༢༽ ས་གནས་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས་བསྐོ་གཞག་སུས་གནང་གི་ཡོད་དམ།

ལན། དབུས་འོས་བསྡུ་ལས་ཁང་ནས་གནང་གི་ཡོད།

 

༣༽ ས་གནས་འོས་བསྡུའི་ཚོགས་མི་ཞིག་འོས་གཞིའི་ཁོངས་ཚུད་ཚེ་གང་བྱེད་དགོས་སམ།

ལན། སྒྲིག་གཞི་དོན་ཚན་ ༨ པའི་ནང་གསེས་ ༨ པ་བཞིན་རང་ཉིད་ཀྱི་ལས་འཁུར་ནས་དགོངས་པ་ཞུ་དགོས།

 

༤༽ ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་བསྐོ་སྟངས་གང་འདྲ་ཡིན་ནམ།

ལན། ༡། རྒྱ་བལ་འབྲུག་གསུམ་ནང་ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང་། ཆོས་བརྒྱུད་ཁག་ནས་མི་འཐུས་རེ་མང་ཚོགས་ནས་འོས་འཕེན་བརྒྱུད་བསྐོ་དགོས་པ་དང་།

༢། ཕྱི་རྒྱལ་ཁག་ནས་ཆོལ་ཁ་ཆོས་བརྒྱུད་དབྱེར་མེད་ཐོག་མང་ཚོགས་ཀྱི་འོས་བསྡུའི་ལམ་ནས་ཚོགས་མི་ཉུང་ཐར་ལྔ་རེ་འོས་འདེམས་གནང་དགོས། དེ་དག་ཟིན་འཕྲལ་འདེམས་ཐོན་ཚོགས་མིའི་ལོ་རྒྱུས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས།

    དབུས་འོས་བསྡུ་ལས་ཁང་ནས་ཆོག་མཆན་བསྩལ་མཚམས་ལས་དོན་དུ་ཞུགས་དགོས།

 

༥༽ ས་གནས་ནང་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་བྱུང་ཚེ་སུ་ལ་ཞུ་དགོས་སམ།

ལན། ས་གནས་ནང་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་བྱུང་ས་གནས་འོས་བསྡུའི་འགན་འཛིན་ལ་ཞུ་དགོས།

 

༦༽ འོས་ཤོག་འཕེན་ཆེད་མིང་གཞུང་དེབ་འགོད་གང་དུ་བྱེད་དགོས་ལམ་སྟོན་ཡོང་བ།

ལན། འོས་བསྡུའི་མིང་གཞུང་དེབ་འགོད་ས་གནས་ཀྱི་མིང་གཞུང་དེབ་འགོད་འགན་འཛིན་སར་བཅར་ཏེ་མིང་གཞུང་དེབ་འགོད་ཞུ་དགོས།

 

༧༽ མིང་གཞུང་དེབ་འགོད་ཆེད་ཡིག་ཆ་གང་དགོས་སམ།

ལན། སོ་སོའི་དྭང་བླང་དཔྱ་དངུལ་ལག་དེབ་དང་། འབུལ་འབབ་ཆ་ཚང་ཕུལ་ཟིན་པ་དགོས།

 

༨༽ འོས་འཕེན་པའི་ཆ་རྐྱེན་གང་དགོས་སམ།

ལན། ཀ། བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན།

ཁ། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་ལུགས་ཁག་དང་ཕྱོགས་འགལ་མིན་པ།

ག། འོས་འཕེན་པའི་མིང་གཞུང་མ་དེབ་ནང་དེབ་སྐྱེལ་ཟིན་པ།

 

༩༽ སྤྱི་འཐུས་ཀྱི་གྲངས་འབོར་ག་ཚོད་ཡིན་ནམ། དེ་དག་གི་ཡོང་ཁུངས་ཇི་ཡིན།

ལན། སྤྱི་འཐུས་ཀྱི་གྲངས་འབོར་ ༤༥ ཡིན། དེ་དག་གི་ཡོང་ཁུངས་ནི། ཆོལ་ཁ་རེ་ནས་ཕོ་མོ་ཁྱད་མེད་མི་འཐུས་བཅུ་རེ་དང་། དེའི་ནང་ནས་བུད་མེད་གཉིས་ཉུང་མཐར་དགོས། ཆོས་བརྒྱུད་ཁག་ནས་མི་འཐུས་གཉིེས་རེ། བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་ནས་མི་འཐུས་གཉིས། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་མི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་ཨེ་ཤི་ཡ་དང་། ཨོ་སེ་ཀྲི་ལི་ཨེ་ལེ་ཤི་ཡའི་ཁུལ་ནས་མི་འཐུས་གཅིག་བཅས་བསྡོམས་གྲངས་ ༤༥ ཡིན།


༡༠༽
སྲིད་སྐྱོང་གི་ལས་འཁུར་ཡུན་ཚད་ག་ཚོད་ཡིན་ནམ།

ལན། སྲིད་སྐྱོང་དམ་འབུལ་བྱས་པ་ནས་ལོ་ ༥ ཡིན།

དོགས་དྲི་གཞན་ཡོད་ཚེ་གཤམ་གྱི་གློག་འཕྲིན་ཁ་བྱང་ཐོག་འབྲེལ་གཏུགས་ཡོང་བ་ཞུ།

election@tibet.net

keyboard_arrow_up