བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཟུར་འཛུགས་གནང་བ།

folder_openགསར་འགྱུར།

IMG_2283༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་ནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཨང་ ༢༠༡༦།༡༦།༡།༥ དང་། ཡིག་ཆ་ཨང་ ༩ འཁོད་པའི་ནང་། དབུས་འོས་བསྡུ་ལས་ཁང་ནས་བཟོ་འགོད་གནང་བའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་དང་། ཕྱི་ནང་གནད་ཡོད་མི་སྣ་དང་མང་ཚོགས་བཅས་ནས་འབྱོར་བའི་དགོངས་འཆར་སྙན་ཞུ་ཁག་ལ་ཞིབ་འཇུག་གིས་ད་ཡོད་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཇི་དགོས་འཆར་འབུལ་གནང་མཁན་དུ། བཀའ་བློན་གཅིག་དང་། སྤྱི་འཐུས་གསུམ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གནང་དགོས་པའི་ཚོགས་མིར། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག སྤྱི་འཐུས་པདྨ་འབྱུང་གནས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་ལ་བསྐོ་གཞག་གནང་ཞིང་། ཚོགས་ཆུང་གི་ཚོགས་གཙོར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་ཐུགས་གཏན་འཁེལ་ཏེ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཚང་མ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཚོགས་ཆུང་གི་ཞུ་སྒོ་དང་འབྲེལ་བའི་ལམ་སྟོན་ཞུ་ཆེད་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོ་མཆོག་གི་སར་ཆེད་བཅར་གནང་ཡོད་པ་དང་བཅས་ཚོགས་ཆུང་གིས་ཕྱག་ལས་དབུ་འཛུགས་གནང་ཡོད། །

Related Posts

Menu